ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས།
2023.10.17 ཁུངས། མི་དམངས་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ།  རིག་གནས་བཅས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ།

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དྲིལ་སྒྲོག་དང་བསམ་བློ། རིག་གནས་ལས་དོན་གྱི་གནས་བབ་གལ་ཆེན་གྱི་ནུས་པ་རྒྱས་བཤད་གཏིང་ཟབ་གནང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དྲིལ་སྒྲོག་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གནད་ལ་འཁེལ་ཞིང་ནང་དོན་ཟབ་པ་དང་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་སྔར་ལས་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་སྟོབས་ཆེར་ཕྱིན་ན་མི་རིགས་སྟོབས་ཆེར་འགྲོ ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་གཏིང་ཟབ་ངང་ཟུག་པར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། རིག་གནས་བྱ་གཞག་ཉིན་བཞིན་དར་རྒྱས་བྱུང་བ། དྲ་རྒྱའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་རེད།

ད་ལྟ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་། རང་འགུལ་གྱི་སྙིང་སྟོབས་ཆེན་པོ་སྔར་ལས་འཕེལ་རྒྱས་སུ་ཕྱིན་ཏེ། ཡིད་ཆེས་ཆེན་པོས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རླབས་ཆེན་རྩོམ་བཞིན་ཡོད།

དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། འཐབ་འདོན་ཇུས་འབུལ། གཞི་སྒྱུར་རྩ་སྒྱུར། བདེན་སྲུང་གསར་སྐྲུན་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཁྱབ་ཁོངས་ཁྲོད་ཀྱི་བསམ་བློ་རིག་གནས་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་འཕེལ་ཕྱོགས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། དུས་རབས་གསར་པ་ནས་བཟུང་། དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་བསྡུས་པའི་ཚོགས་འདུ་མང་བ་དང་། ཐབས་ཇུས་བཀོད་པ་དང་བཀོད་སྒྲིག་བྱས་པ་ཆ་ཚང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་བཤད་གནང་བ་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པ་བཅས་ཡོད་པ་དེ་ཏང་གི་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་ཀྱི་ལས་དོན་ཚོགས་འདུར་ཐེངས་གཉིས་ཞུགས་ཏེ་རིག་རྩལ་ལས་དོན་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན། མཐོ་རིམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་ལས་དོན། རིག་གནས་རྒྱུན་འཛིན་འཕེལ་རྒྱས་སོགས་ཀྱི་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཐེངས་མང་པོར་མགོ་འཛིན་མཛད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་དྲིལ་སྒྲོག་དང་བསམ་བློ། རིག་གནས་ལས་དོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་འཆར་འགོད་དང་ཇུས་གཞི་རབ་དང་རིམ་པར་གྲོས་ཞིབ་གྲོས་འཆམ་ཐེངས་མང་གནང་བ་མ་ཟད། ས་གནས་སོ་སོའི་རིག་གནས་སྣ་ཚོགས་རྒྱུན་འཛིན་དང་འཕེལ་རྒྱས་ལས་གཞི་ལ་རྟོག་ཞིབ་གནང་བ་དང་འབྲེལ་བླང་བྱ་རབ་དང་རིམ་པ་བཏོན་པ་དང་།  རྒྱལ་སྤྱིའི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་མང་པོར་གོ་ལ་ཧྲིལ་པོའི་རིག་གནས་དང་། ཤེས་དཔལ་འཕེལ་རྒྱས། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཀྲུང་གོའི་ལངས་ཕྱོགས་དང་ཀྲུང་གོའི་ཇུས་གཞི་རབ་དང་རིམ་པ་རྒྱས་བཤད་གནང་བ་རེད། 2018ལོའི་ཟླ8པར་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློའི་ལས་དོན་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐའ་འཁྱོངས་དགུ”ལ་བརྟེན་ནས་རང་རེའི་ཏང་གིས་དྲིལ་སྒྲོག་དང་བསམ་བློའི་ལས་དོན་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཚད་མཐོའི་སྙིང་བསྡུས་གནང་བ་དང་། ད་ལོའི་ཟླ6པར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། རིག་གནས་འཛུགས་སྐྱོང་གི“ནན་བཤད་བཅུ་བཞི”ཁ་གསལ་བཟོས་པ་དང་ཏང་གི་རིག་གནས་ཀྱི་མགོ་ཁྲིད་དབང་ཆ་རྒྱུན་འཁྱོངས་དང་། “ཟུང་འབྲེལ་གཉིས”ལ་གོ་བ་གཏིང་ཟབ་ལེན་པ། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བ་སོགས་ཀྱི་གསར་གཏོད་ཀྱི་ལྟ་བ་གལ་ཆེན་གསལ་པོ་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་གལ་ཆེན་བཏོན། ཐེངས་འདིའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་དུའང་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད“ཤུགས་རྒྱག་དགོས་པ་བདུན”གྱི་བླང་བྱ་བཏོན་ཡོད་པ་རེད།  དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་དང་རྒྱས་བཤད་ཧ་ཅང་གཏིང་ཟབ་པ་དེ་ནི། དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་མགོ་ཁྲིད་བྱེད་པའི་ལག་ལེན་གྱི་ཉམས་མྱོང་རིགས་པའི་གཞུང་ལུགས་ཐད་ནས་ཕྱོགས་སྡོམ་ཞིག་ཡིན་པ་དེས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ལེའུ་ཞིག་གྲུབ་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཞིག་གྲུབ་ཡོད།

ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བའི་ཐད་གསར་གཏོད་དང་ཚད་བརྒལ་ཡོད་ལ། རིག་གནས་ལས་དོན་བཀོད་སྒྲིག་ཐད་བཀོད་སྒྲིག་བླང་བྱ་ཡང་ཡོད་པ་དང་། ལུགས་བསྟུན་དོན་འཁྱོལ་དང་། ལུགས་དོན་ཁོང་ཆུད་ཀྱིས་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་གོམ་སྟབས་དང་ལས་འགན་ཁ་གསལ་བཀོད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་ལ་འཛིན་པའི་རང་རེའི་ཏང་གི་ངོས་འཛིན་མཐོ་ཚད་གསར་པར་སླེབས་པ་མཚོན་ལ། རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་མ་ཟད། ད་དུང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཁྲོད་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་པར་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ལས་འགན་གསར་པ་འཁུར་རྒྱུར་བསམ་བློའི་མཚོན་ཆ་རྣོན་པོ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་རྒྱུན་མི་ཆད་པར་ཁྱབ་སྤེལ་གཏོང་བ་དང་སྒོ་དབྱེ་རྣམ་པའི་བསམ་བློའི་མ་ལག་ཅིག་ཡིན་པས་ལག་ལེན་དང་བསྟུན་ནས་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་འགྲོ་ངེས་རེད།

ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་གོམ་གང་མདུན་སྤོས་བྱས་ཚེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་གོམ་སྟབས་ཀྱང་མདུན་དུ་སྤོ་དགོས། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། དེ་བཞིན་ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། སྦྱངས་པ་གོ་ཆོད་པ་རྒྱུན་འཁྱོངས་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ་བཅས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རང་རྟོགས་ངང་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས།

དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འགྲོ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སྐབས་སུ་སླེབས་པ། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ། དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་དེ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པས་ངེས་པར་དུ་རྣམ་པ་གསར་པ་ཡོད་པ་དང་བྱས་རྗེས་གསར་པ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།  “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ལེགས་པར་འཁུར་བ་དང་དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གསར་གཏོད་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྔར་ལས་ལེགས་སྐྱེས་གསར་པ་འབུལ་དགོས།

                                                                        རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།