ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས།
2023.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

---རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ། 

རླབས་ཆེན་གྱི་ལག་ལེན་ཡོད་ཚད་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་མཁོ་བ་རེད། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བ་ནི་ཏང་གི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ། མི་རིགས་ཀྱི་གཅིག་བསྡུས་སྟོབས་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་ལ་ཤུགས་སྣོན་བྱེད་པ། ཏང་གི་དུས་རབས་གསར་བའི་རིག་གནས་འཛུགས་སྐྲུན་གྱི་བསམ་བློའི་གཞུང་ལུགས་ཀྱི་གྲུབ་འབྲས་སྤྱི་བསྡོམས་ལེགས་པོ་དང་བཀོལ་སྤྱོད་བཟང་པོ་བྱས་ནས་སྔར་ལས་ལེགས་པོའི་སྒོ་ནས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བར་ཁྲིད་སྟོན་ལེགས་པོ་བྱེད་དགོས། 

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་གཞག་ཐད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་གོ་གནས་གལ་ཆེན་གྱི་ནུས་པ་རྒྱས་བཤད་ཟབ་མོ་གནང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། རིག་གནས་འགན་འཁྲི་གསར་པ་འཁུར་བ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བ་ཡག་པོར་སྒྲུབ་པ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་གཟིགས་རྒྱང་རིང་ལ་གཏིང་ཟབ་པ་དང་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པས། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཟླ10པའི་ཚེས7ཉིན་ནས་ཚེས8ཉིན་བར། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཚོགས་འདུ་པེ་ཅིན་དུ་འཚོགས། འདི་ནི་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱ་རྒྱུ་དེ་ཡིན་ཞིང་། ཏང་གི་དྲིལ་སྒྲོག་དང་། བསམ་བློ་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

རིག་གནས་དར་ན་རྒྱལ་ཁབ་དར་བ་དང་། རིག་གནས་སྟོབས་ཆེར་སོང་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་ཞིག་ཏུ་བརྩིས་ཏེ། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་པས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་མི་སེམས་སུ་ཟབ་མོར་ཟུག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཆེར་དྲིལ་སྒྲོག་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱིས་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཉིན་རེར་འཕེལ་རྒྱས་འགྲོ་བ། དྲ་རྒྱའི་སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་རང་རྟོན་མངོན་གསལ་གྱིས་ཇེ་དྲག་དང་བསམ་བློའི་རྣམ་པ་སྔར་ལས་འབད་འབུངས་ཡར་བརྩོན་ཏུ་གྱུར་ཏེ། ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་སྙིང་སྟོབས་སྔར་ལས་ཆེ་བ་འདོན་སྤེལ་བྱས་ནས་ཡིད་ཆེས་ཆེན་པོས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་རླབས་ཆེན་ལོ་རྒྱུས་འབྲི་བཞེངས་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པའི་རྐྱེན་རེད།

དར་ཆ་སྒྲེང་ནས་ཁ་ཕྱོགས་གཏན་འཁེལ་དང་། རྩོམ་ཡིག་གི་བཀོད་པ། གཞི་སྒྱུར་རྩ་སྒྱུར་དང་གཞུང་དྲང་གསར་སྐྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཁྱབ་ཁོངས་ནང་གི་བསམ་བློ་དང་རིག་གནས་ལ་ཕན་ཚུན་གཡོ་འགུལ་ཐེབས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་བསམ་བློ་འདུ་ཤེས་ལ་འགྱུར་ལྡོག་ཟབ་མོ་གཏོང་བའི་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་གསར་བ་དང་། ལྟ་བ་གསར་བ། ཆོད་གཏམ་གསར་བ་རབ་དང་རིམ་པ་བཏོན་པ་རེད། དུས་རབས་གསར་པ་ནས་བཟུང་། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བར་དམིགས་ཏེ། ཏང་ཀྲུང་དབྱང་གིས་ཚོགས་འདུ་མང་པོ་འཚོགས་ཤིང་།ཐབས་ཇུས་བཀོད་སྒྲིག་བྱས་པ་ཕྱོགས་ཡོངས་ཡིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ཀྱི་མ་ལག་ཕུན་སུམ་ཚོགས་པ་དང་གཏིང་ཟབ་ཅིང་རྔམས་མཐུག་པ་དེ་ནི་ཏང་གི་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ་བྱ་བའི་ཚོགས་འདུར་ཐེངས་གཉིས་ལ་ཞུགས་ཏེ། རིག་རྩལ་བྱ་བ་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བ། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སོགས་ཀྱི་ཐད་འགོ་འཛིན་བྱས་ནས་ཚོགས་འདུ་འཚོགས་པར་མ་ཟད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཐེངས་མང་པོར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་བཅོས་སྒྱུར་འཕེལ་རྒྱས་ཐད་ཀྱི་འཆར་འགོད་དང་ཇུས་གཞི་རབ་དང་རིམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ས་གནས་སོ་སོ་རུ་རིགས་མི་འདྲ་བའི་རིག་གནས་བརྒྱུད་སྒྲོག་དང་འཕེལ་རྒྱས་ཀྱི་ལས་གཞིར་རྟོག་ཞིབ་བྱས་པར་མ་ཟད་བླང་བྱ་རབ་དང་རིམ་པ་བཏོན་པ་དང་། རྒྱལ་སྤྱིའི་ཚོགས་ར་གལ་ཆེན་མང་པོ་ནས་འཛམ་གླིང་རིག་གནས་དང་། རིག་གནས་ཀྱི་དཔལ་ཡོན། ཕན་ཚུན་བརྗེ་རེས་ཕྱོགས་ཀྱི་ཀྲུང་གོའི་ལངས་ཕྱོགས་དང་ཀྲུང་གོའི་བྱེད་ཐབས་རབ་དང་རིམ་པ་གསལ་བཤད་བྱས། 2018ལོའི་ཟླ8པའི་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ་བྱ་བའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུན་འཁྱོངས་དགུ”ལ་བརྟེན་ནས་ང་ཚོ་ཏང་གི་དྲིལ་སྒྲོག་དང་བསམ་བློ་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཚད་མཐོ་བའི་སྒོ་ནས་སྤྱི་བསྡོམས་བྱས་པ་དང་། ད་ལོའི་ཟླ་དྲུག་པའི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། རིག་གནས་འཛུགས་སྐྲུན་ཕྱོགས་ཀྱི“ནན་བཤད་བཅུ་བཞི”གཏན་འཁེལ་གསལ་བོ་བྱས་པ་དང་། ཏང་གི་རིག་གནས་འགོ་ཁྲིད་དབང་ཆ་རྒྱུན་འཁྱོངས་དང་།“ཟུང་འབྲེལ་གཉིས”ལ་གོ་བ་ཟབ་མོ་ལེན་པ། རིག་གནས་ཀྱི་ལས་འགན་གསར་པ་འཁུར་བ་སོགས་ཀྱི་གསར་སྐྲུན་ལྟ་བ་གལ་ཆེན་མངོན་གསལ་གྱིས་བཏོན་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་བཏོན་ཞིང་། ཐེངས་འདིའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་དུའང་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཐད་ལ“ཤུགས་རྒྱག་ས་བདུན”གྱི་བླང་བྱ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རིག་གནས་འཛུགས་སྐྲུན་ཐད་ཀྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་དང་རྒྱས་བཤད་ཧ་ཅང་ཟབ་མོ་ཡིན་པ་དེ་ནི་དུས་རབས་གསར་པའི་ཏང་གིས་རིག་གནས་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རིག་གནས་ལེའུ་ཞིག་གྲུབ་ནས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ཞིག་ཆགས་ཡོད།

ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རིག་གནས་གཞུང་ལུགས་ལྟ་ཚུལ་ཐད་ཀྱི་གསར་སྐྲུན་དང་ཐོད་བརྒལ་ཡོད་ལ། རིག་གནས་བྱ་བའི་བཀོད་པའི་སྟེང་གི་བཀོད་སྒྲིག་བླང་བྱ་ཡང་ཡོད་པས། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་གྱི་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱས་ཏེ།དུས་རབས་གསར་བའི་རིག་གནས་འཛུགས་སྐྲུན་གྱི་ལམ་ཐིག་རི་མོ་དང་ལས་འགན་ཡི་གེ་གཏན་འཁེལ་གསལ་བོ་བྱེད་དགོས། ང་ཚོ་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ཆོས་ཉིད་ཀྱི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། དེས་ང་ཚོ་ཏང་གིས་ལོ་རྒྱུས་ཀྱི་རང་རྟོན་དང་རིག་གནས་ཀྱི་རང་རྟོན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པར་མ་ཟད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་ཁྲོད་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ནས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བ་ལེགས་པོར་སྒྲུབ་པ་དང་། རིག་གནས་ཀྱི་འགན་འཁྲི་གསར་བ་འཁུར་ནས་སྟོབས་དང་ལྡན་པའི་བསམ་བློའི་དྲག་ཆས་དང་ཚན་རིག་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་རྒྱུན་ཆད་མེད་པར་ཁྱབ་སྤེལ་གཏོང་བ་དང་སྒོ་འབྱེད་རང་བཞིན་གྱི་བསམ་བློའི་མ་ལག་ཅིག་ཡིན་པས། ངེས་པར་དུ་ལག་ལེན་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས་པ་རེད།

ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་སྐྲུན་མདུན་ཕྱོགས་སུ་གོམ་པ་གཅིག་སྤོས་ན། གཞུང་ལུགས་ལ་དྲག་ཆས་སྤྲ་བའི་གོམ་སྟབས་ཀྱང་མདུན་ཕྱོགས་སུ་གོམ་པ་གཅིག་སྤོས་པ་ཡིན། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་བླང་བྱ་ཟབ་མོ་ཁོང་དུ་ཆུད་པར་བྱས་ནས་སྦྱངས་པ་གོ་ཆོད་པ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་དང་བསམ་བློ་འབྲེལ་མཐུད་བྱེད་པ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་མུ་མཐུད་དུ་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རང་རྟོགས་ཀྱིས་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོ་ལག་བསྟར་དོན་འཁྱོལ་བྱེད་དགོས།  ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ཟབ་མོ་བྱེད་དགོས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་རིག་གནས་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲ་བ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་དང་པོར་དམ་པོར་དམིགས་པ། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་མུ་མཐུད་དུ་རིག་གནས་དར་རྒྱས་ལ་སྐུལ་འདེད་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རིག་གནས་ཀྱི་འགན་འཁྲི་གསར་བར་དམིགས་ནས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་གི་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་འགན་འཁུར་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་དངོས་གནས་ཇེ་དྲག་དང་ལེགས་པོར་སྒྲུབ་ཏེ། བྱ་བ་སོ་སོ་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བྱེད་པར་སྟོབས་དང་ལྡན་པའི་བསམ་བློའི་ཁག་ཐེག་དང་བསམ་བློའི་སྟོབས་ཤུགས་ཆེན་པོ། ཕན་ཐོགས་པའི་རིག་གནས་ཆ་རྐྱེན་བཅས་འདོན་སྤྲོད་བྱས་ཡོད། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བ་ནི་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་རེད། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཞིག་མགྱོགས་མྱུར་གྱིས་བྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་གནད་འགག་གི་དུས་སྐབས་སུ་སླེབས་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་ངེས་པར་དུ་རྣམ་པ་གསར་བ་དང་བྱས་རྗེས་གསར་པ་ཡོད་དགོས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་རྒྱུན་འཁྱོངས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཟབ་མོར་ཆུད་པ།“འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། སྔར་ལས་བཟང་པོའི་སྒོ་ནས་རིག་གནས་ཀྱི་འགན་འཁྲི་གསར་བ་འཁུར་དགོས་པ་དང་། དུས་རབས་གསར་བའི་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་རྣམ་པ་གསར་བ་མུ་མཐུད་དུ་བཏོད་དེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་གྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་གསར་བ་འཇོག་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།