ཏང་གཤིས་སྦྱོང་བརྡར་དང་སྤྱོད་ཚུལ་འཛུགས་སྐྲུན་ཟབ་སྤེལ་གཏོང་བ་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
2023.10.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།

          མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།

མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་དང་པོའི་ཕྱོགས་སྡོམ་དང་སྐོར་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་ཐོག  སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བར་ངེས་པར་དུ“ དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ།  ལག་ལེན་ལ་མཐོང་ཆེན་བྱེད་པ།  བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ།  ཏང་གཤིས་སྦྱོང་བརྡར་དང་སྤྱོད་ཚུལ་འཛུགས་སྐྲུན་ཟབ་སྤེལ་གཏོང་བ་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཁྲོད་བློ་རྩེ་ནང་ལ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་སྒྱུར་བཀོད་བྱེད་ཕོད་པ་དང་། ཏང་གཤིས་སྦྱོང་བརྡར་ལ་བརྩོན་པ། སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་དེ་ཏང་གཤིས་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་པ་དང་། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ།  བློ་དཀར་སེམས་དཀར་དང་།  སྤྱོད་གཙང་།  འགན་འཁྲི་འཁུར་ལེན་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས།

ཏང་སྲོལ་གྱི་གནད་དོན་ནི་སྲིད་སྐྱོང་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པ་དང་། དུས་སྐབས་གསར་པར་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དེ། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཏང་སྲོལ་གྱི་གནད་དོན་ནི་མཐར་གཏུག་ནས་བཤད་ན་ཏང་གཤིས་ཀྱི་གནད་དོན་ཡིན་པ་དང་། ཏང་གཤིས་ནི་སྤྱོད་ཚུལ་གྱི་ནང་གནས་གཞི་འཛིན་ས་ཡིན་ཞིང་། སྤྱོད་ཚུལ་ནི་ཏང་གཤིས་ཀྱི་ཕྱིའི་མཚོན་ཚུལ་ཞིག་ཡིན་པ་རེད།  བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱའི་ཁྲོད་ཀྱི་ཕྱོགས་གལ་ཆེན་ཞིག་ནི“ཏང་གཤིས་ཇེ་དྲག་ཏུ་གཏོང་བ”དེ་ཡིན། ཏང་གཤིས་ནི་ཏང་ཡོན་ལས་བྱེད་པའི་རང་རྐྱ་ཕེར་བ་དང་། ལས་གཉེར། གཏམ་གླེང་། སྤྱོད་ཚུལ་ལེགས་བཅོས་བཅས་ཀྱི་རྨང་རྡོ་ལྟ་བུ་ཡིན་ཞིང་། གུང་ཁྲན་ཏང་མིའི“བསམ་བློའི་བློ་སྦྱོང”སྦྱོང་བརྡར་བྱས་ཏེ།   རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་རང་སྣང་འཇིག་རྟེན་བསྒྱུར་བཀོད་བྱེད་པ་དང་།  དགོངས་པ་འདིའི་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བླང་བྱ་རབ་དང་རིམ་པར་གོ་བ་ཟབ་མོ་བླངས་ཏེ།  བསམ་བློའི་ཐོག་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་དད་སེམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།  བསམ་པའི་ཀལ་ཁ་གསབ་བྱེད་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་དགོས།

ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ནི་ཏང་གཤིས་བརྟན་པོ་ཡིན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་མིན་ལ་ལྟ་བའི་ཆེས་ཐད་ཀར་གྱི་མྱོང་ཚོར་ནི། ཏང་སྲོལ་ཐད་གནས་པའི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཡར་རྒྱས་མངོན་གསལ་ཕྱིན་ཡོད་མེད་ལ་བལྟ་དགོས་པ་དེ་ཡིན། སྐོར་དང་པོའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་བཅོས་སྐྱོང་ནན་མོ་དང་དཔོན་རིགས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་མཚོ་སྔོན་གྱི་ལག་ལེན་གཞི་རྟེན་དུ་བརྩིས་ནས།  སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་དང་། ཚུལ་མིན་སྤྱོད་ངན་གཙང་སེལ།  འགན་འཁྲི་འཁུར་ལེན་སྐུལ་སྤེལ་བཅས་བྱས་པས།  ཆབ་སྲིད་ཀྱི་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད།  སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཁྲོད།  ང་ཚོས“རང་གཅུན་ནན་མོ”བྱེད་དགོས་པའི་བླང་བྱ་ལྟར།  སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཞིབ་དཔྱོད་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ཡོ་བསྲང་ལས་དོན་མུ་མཐུད་དུ་ཡག་པོར་སྒྲུབ་ཏེ། གྱོད་གཞིར་བརྟེན་ནས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་སོགས་ཆེད་དོན་དག་ཐེར་བཅོས་སྒྲིག་སྔར་ལས་གཏིང་ཟབ་བྱས་ཏེ། “སྤྱོད་ཚུལ་བཞི”ཡི་གནད་དོན་ལ་ཞིབ་བཤེར་གཏིང་ཟབ་དང་ ཞིབ་བཤེར་ནན་མོ་བྱེད་དགོས། དམངས་གཙོ་འཚོ་བའི་ཚོགས་འདུའི་ལམ་ལུགས་ལག་བསྟར་ཡག་པོ་དང་ཏང་གཤིས་དབྱེ་ཞིབ་ནན་ཏན་བྱས་ཏེ། རང་རྟོགས་སྒོས་ཏང་གི་སྒྲིག་ཡིག་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ནས་ཧེ་བག་འཚོལ་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་ཀྱི་རང་བཞིན།  རྩ་དོན་རང་བཞིན།  འཐབ་འཛིང་རང་བཞིན་བཅས་ཆེ་རུ་གཏོང་དགོས།

ཏང་གཤིས་དང་ཏང་སྲོལ་བརྟན་པོ་ཡོང་བར་བྱེད་རྒྱུ་ནི་གནས་སྐབས་ཙམ་མ་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ནས་ཡུན་རིང་ཕན་འབྲས་ཐོན་པར་བྱེད་དགོས།   བརྗོད་དོན་སློབ་གསོ་དང་བསྡུར་ནས་བློ་སྒྲིལ་སེམས་སྐྱེད་དང་རྩ་བ་ཇེ་བརྟན་དུ་གཏོང་བ་དང་།  གཤིས་རྒྱུད་སྦྱོང་བརྡར་བྱས་ནས་ལྷག་བསམ་རྣམ་དག་བྱེད་པ། འགན་འཁྲི་ཏན་ཏིག་བསྒྲུབས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་ལག་ལེན་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་དམིགས་འབེན་ལག་བསྟར་བྱེད་པ།  མཚོ་སྔོན་གྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ཏང་གཤིས་དང་ཏང་སྲོལ་སྦྱོང་བརྡར་བྱེད་པ། མང་ཚོགས་ཀྱིས་བཏོན་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དམིགས་ཡུལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དཀའ་སྤྱད་འབད་འཐབ་བྱེད་རྒྱུ་དེ་དད་སེམས་བཙོ་སྦྱང་བྱེད་པའི་ཚོད་ལྟའི་རྨང་རྡོ་ལྟ་བུ་དང་།  སྙིང་སྟོབས་སྦྱོང་བརྡར་བྱེད་པའི་རྡར་རྡོ་ལྟ་བུ།  རུལ་སུངས་སྔོན་འགོག་བྱེད་པའི་རུལ་འགོག་རྫས་ལྟ་བུ་བཅས་སུ་བརྩིས་ནས།  རྒྱུན་ཆད་མེད་པར་སྙིགས་རོ་དང་། ནད་དུག སྦགས་བཙོག་བཅས་སེལ་ཏེ། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ།  བྱ་གཞག་གི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ།  གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།

ང་ཚོས་རྒྱུན་མཐུད་གཏིང་ཟབ་ཀྱི་བརྗོད་དོན་སློབ་གསོའི་ཁྲོད། ཏང་གཤིས་སྦྱོང་བརྡར་བྱེད་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  ནང་གནས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་ཕྱི་ཡི་གཟུགས་བརྙན་བཞེངས་སྐྲུན་བྱས་ནས།  གཞུང་དྲང་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།