“མཚོ་སྔོན་རྨ་ལྷོའི་རེབ་གོང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར”རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ནང་བདམས།
2023.10.20 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 7

 ཉེ་ལམ2022ལོའི་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཁྱབ་བསྒྲགས་བྱེད་སྒོའི་ཁྲོད། “མཚོ་སྔོན་རྨ་ལྷོའི་རེབ་གོང་གཟུགས་འདས་ཤུལ་བཞག་རིག་གནས་ཁྱད་ལྡན་ཡུལ་སྐོར”རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ནང་བདམས་ཐོན་བྱུང་།

རིག་གནས་དང་ཡུལ་སྐོར་པུའུ་གཟུགས་འདས་ཤུལ་བཞག་རིག་གནས་སི་དང་ཐོན་ཁུངས་གསར་སྤེལ་སིའི་མཛུབ་ཁྲིད་འོག ཀྲུང་གོའི་ཡུལ་སྐོར་ཚགས་པར་ཁང་གིས2022ལོའི་ཟླ10པར2022ལོའི་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་འཚོལ་བསྡུ་བྱེད་སྒོ་སྤེལ་བ་དང་། ས་གནས་སོ་སོས་འོས་སྦྱོར་བྱས་པ་དང་ཆེད་ལས་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད། མཐར་ཁྲོམ་རའི་མདུན་ལྗོངས་ལེགས་པོ་ཡིན་པ་དང་མཚོན་བྱེད་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག20བདམས་པ་རེད།

གྲངས་གཞི་ལྟར་ན།    འདས་མ་ཐག་པའི་རྒྱལ་སྟོན་གུང་གསེང་སྐབས་སུ་ཁུལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི7.9424ཟིན་པ་དང་། དུས་མཉམ་ལས65.61%འཕར་ཡོད་ལ། 2019ལོ་དང་བསྡུར་ན22.19%འཕར།   ཡུལ་སྐོར་གྱི་ཡོང་སྒོ་བསྡོམས་པས་སྒོར་ཁྲི1283.32ཟིན་པ་དང་། དུས་མཉམ་ལས་11.74%འཕར་ཡོད་ལ། 2019ལོ་དང་བསྡུར་ན22.21%འཕར།

རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན།   གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཁྲོད་རེབ་གོང་སྒྱུ་རྩལ་དང་རྨ་ལྷོའི་ལྷ་མོའི་ཟློས་གར་སོགས་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས8ཚུད་ཡོད་པ་རེད།  དེའི་ནང་རེབ་གོང་སྒྱུ་རྩལ་དང་རྨ་ལྷོའི་ལྷ་མོའི་ཟློས་གར་དེ2006ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ཁག་དང་པོའི་གྲས་སུ་ཚུད་ཡོད་པ་དང་།    2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་གྲས་སུ་འཇོག་པར་ཆོག་མཆན་སྤྲད་པས།    རེབ་གོང་ཐང་ག་མཚོན་བྱེད་དུ་བྱས་པའི་ལག་ཤེས་མཛེས་རྩལ་ཀྱི་མཚན་སྙན་འཛམ་གླིང་དུ་གྲགས་ཡོད།

གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡུལ་སྐོར་ལམ་ཐིག་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་ལྟེ་གནས126དང་།   གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་བསྒྲགས་འགྲེམ་སྟོན་ས་ཚུགས78། གཟུགས་འདས་ཤུལ་བཞག་རིག་གནས་དཔེ་སྟོན་དུད་ཚང158བཅས་དང་།    རེབ་གོང་སྒྱུ་རྩལ་པའི་ཁྱིམ་ཚང326དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རིག་གནས་ཐོན་ལས་རྟེན་གཞི12། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་ཁང་དང་སྐྱེད་སྲིང་ཁེ་ལས།    དབུལ་སྐྱོར་འཁོར་ཁང34བཅས་ཡོད་པས། རྒྱུན་འཛིན་དང་ཉམས་ལེན། གསོ་སྦྱོང་། དྲིལ་བསྒྲགས་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ས་ཚིགས་ཤིག་རིམ་བཞིན་ཆགས་ཡོད་པ་དང་། ལོ་རེར་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་མི་ཐེངས2000ལྷག་གསོ་སྦྱོང་བྱེད་བཞིན་ཡོད།

གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐད་རྨ་ལྷོ་ཁུལ་གྱིས་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ནས།  རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་། བོད་རིགས་དང་།  ཆའང་རིགས།  དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་ལྟེ་བའི་ཁུལ་སོགས་འཛུགས་སྐྲུན་གྱི་གོ་སྐབས་གང་ལེགས་སྒོས་བེད་སྤྱད་དེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་སྐུལ་འདེད་བཏང་བ་རེད། “སྲུང་སྐྱོབ་གཙོ་བོར་དང་མྱུར་སྐྱོབ་ཨང་དང་པོར་འཛིན་པ་དང་།  བེད་སྤྱོད་ལུགས་དང་མཐུན་པས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི” བྱ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་རྒྱུན་འཁྱོངས་བྱེད་པ།   གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་ཐོབ་པས། རྒྱལ་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་སྣ་མང་རིག་གནས་བརྗེ་རེས་བྱས་ཏེ།  མདོ་དབུས་མཐོ་སྒང་གི་མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་དཔང་རྟགས་ནུས་ལྡན་ཞིག་ཏུ་གྱུར་ཡོད།  རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པ་དམིགས་འབེན་དུ་བྱས་ནས། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི”འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ་རྒྱུན་འཁྱོངས་བྱས་ཤིང་།  རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཞིང་སྡེ་གསར་པ་དང་འབྲོག་ཁུལ་གསར་པ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྲོད་མཉམ་འདྲེས་ཐུབ་པར་བྱས་པས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱུན་མཐུད་ངང་ཇེ་མགྱོགས་སུ་ཕྱིན་པ་དང་།  ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།