འཛམ་གླིང་གི་དེང་རབས་ཅན་གྱི་ལེའུ་གསར་པ་བཏོད་དགོས།
2023.10.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡེ་ཧྲུའུ་ཧུང་།

སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོའི་ཐོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་གནང་བ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལོ་བཅུའི་གྲུབ་འབྲས་ལ་ཕྱིར་དྲན་གཏིང་ཟབ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་སོ་སོའི་ལག་གདང་སྦྲེལ་ནས་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ཐོག་མར་བཏོན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་པའི་བརྗིད་ཆེའི་ཕུགས་འདུན་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དང་གཅིག་རྒྱུན་གཅིག་འཛིན་བྱས་ནས། སྤུས་ཚད་མཐོན་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ཆེད་འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

དེང་གི་འཛམ་གླིང་གིས་ཉམས་ཉེན་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཡོད་པ་དང་། འཇམ་འཐབ་ཀྱི་བསམ་གཞིག་དང་དཔུང་ཁག་གི་འགྲན་སློང་ཛ་དྲག་གི་དུས་སུ། མཐོ་རིམ་གླེང་སྟེགས་ལོ་བཞི་འགོར་རྗེས་སླར་ཡང་འཚོག་པ་དང་། རྒྱལ་ཁབ151དང་རྒྱལ་སྤྱིའི་རྩ་འཛུགས41གི་འཐུས་མི་ཚོགས་འདུར་ཞུགས། ཐོ་འགོད་བྱས་པའི་མི་གྲངས་བསྡོམས་འབོར་ཁྲི1ལས་བརྒལ་ཡོད། སྤེལ་རེས་ཀྱི་སྟེགས་བུ་ཧ་ཅང་ཆེན་པོ་དེ་འདྲ་ཞིག་ཏུ་ཕྱོགས་སོ་སོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་བརྟེན་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་རྒྱུར་གྲོས་བསྡུར་གང་ལེགས་བྱེད་པ་དང་། འཕེལ་རྒྱས་མཉམ་ལས་ཀྱི་འདོད་བློར་ངོས་འཛིན་གཅིག་མཐུན་ཡོང་བ། བསམ་བློའི་གདོང་གཏུག་ལ“བྱུང་པའི་ནུས་པ”རྒྱུན་ཆད་མེད་པར་ཐོན་པ་བཅས་ལ་དམིགས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་གྱི་དར་རྒྱས་དེ་སྟོབས་ཤུགས་ཁོ་ན་འཕེལ་རྒྱས་ཕྱིན་པ་ཞིག་མིན་པར། མཉམ་ལས་དར་སྤེལ་དང་འཕེལ་རྒྱས་ལ་དོ་ཁུར་བྱེད་པའི་རྣམ་པ་ཞིག“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཅིག་རིམ་བཞིན་ཆགས་བཞིན་ཡོད་ཅེས་བག་ཆགས་ཟབ་མོ་བཞག་ཡོད། ཧིན་རྡུ་ཉི་ཞི་ཡའི《ཡཱ་ཅཱ་ཏ་སྦྲག་སྲིད་ཚགས་པར》གྱི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་འཕེལ་རྒྱས་ཀྱི་སྐད་ཆ་དེ་འགག་རྩའི་གོ་ལ་ཧྲིལ་པོའི་དོ་ཁུར་ཞིག་ཏུ་འགྱུར་བ་བྱས་ཡོད་ལ། ང་ཚོས་མི་མང་ཆེ་བའི་ཕན་བདེ་གསར་པ་དེ་མི་ཉུང་ཤས་ཀྱི་ཁེ་ཕན་ལས་དམིགས་བསལ་ཆེ་བའི་འཛམ་གླིང་གི་སྒྲིག་ལམ་ཞིག་ཀྱང་རྟོགས་ཐུབ་ཡོད།

འཕེལ་རྒྱས་ལ་དོ་ཁུར་བྱེད་པའི་བསམ་བློའི་གསོལ་སྟོན་དེའི་ཁྲོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལག་གདང་སྦྲེལ་ནས་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པའི་འབོད་སྐུལ་དེ་ཚོགས་ཞུགས་མི་སྣའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐབས་ལམ་གསར་པ་རང་ཚུགས་ཀྱིས་འཚོལ་ཞིབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་སྐྱོད་ལམ་གསར་པར་བསྐྱོད་དེ། དེང་རབས་ཅན་གྱི་འཛམ་གླིང་གི་མངའ་ཁོངས་ཡོངས་སུ་རྩ་བ་ནས་བསྒྱུར་བཅོས་བྱས་ཡོད། ལོ་བཅུའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”ཐུན་མོང་གིས་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་། གསར་སྐྲུན་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད་ཆགས་པའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་དང་། ཁྲོམ་རའི་ལས་སྟེགས། ལག་ལེན་གྱི་ཉམས་མྱོང་། བསམ་བློའི་འདུ་ཤེས་བཅས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་ཡུལ་དང་འབྲེལ་མཐུད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང་གི་དེང་རབས་ཅན་འཕེལ་རིམ་གྱི་ཕྱོགས་གཉིས་སྐུལ་འདེད་ཁྲོད་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས། ལོ་ངོ་བཅུའི་རིང་ལ། “རྒྱུད་གཅིག་ལམ་གཅིག”མེད་པ་ནས་ཡོད་པ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དགའ་བསུ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་གྱུར་པ་མ་ཟད། དེའི་ཁྲོད་ནས་རྒྱལ་སྤྱིའི་འགྲོ་འོང་དང་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལྡན་པའི་ཞི་བདེ་འཕེལ་རྒྱས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། ཐུན་མོང་ཕྱུག་འགྱུར། རང་བདག་གདམ་གསེས་བྱེད་པ། སྒོ་འབྱེད་ཁོང་ཡངས་སོགས་ཀྲུང་གོའི་འདུ་ཤེས་ལའང་རྒྱ་ཁྱབ་ངང་ཁས་ལེན་ཐོབ་ཡོད།

དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན་ལ་དགོས་ངེས་ཀྱི་དབང་ཆ་ཡང་ཡིན། དུས་རབས་སྔོན་མའི་དུས་དཀྱིལ་དུ། འཛམ་གླིང་ཐོག་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལས་འགུལ་རླུང་འཚུབ་སྤྲིན་འཁྲིགས་ལྟར་སྤེལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ལ་བདག་དབང་རང་བཙན་ཐོབ་ཡོད་མོད། འོན་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཉུང་ཤས་ཀྱིས་གཙོ་ཁྲིད་བྱེད་པའི་འདྲ་མཉམ་མིན་པའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་དང་“ལྟེ་གནས་ནས་མཐའ་མཚམས”ཀྱི་འབྱར་བའི་རང་བཞིན་གྱི་དཔལ་འབྱོར་གྱི་འབྲེལ་བ་སྔར་བཞིན་མཁྲེགས་བཟུང་བྱེད་བཞིན་ཡོད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། བཙན་དབང་རིང་ལུགས་བཅས་སྔར་བཞིན་ཁྲིམས་མེད་ལུགས་མེད་བྱེད་པ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་ཚོགས་སྤྱི་དར་རྒྱས་སུ་འགྲོ་བའི་རྣམ་པ་མངོན་པ་དང་། རང་བཙན་རང་བདག་དོན་གཉེར་དང་། ཚོད་འཛིན་དང་ཐེ་ཇུས་ལ་ངོ་རྒོལ། འཚོལ་ཞིབ་དང་མཉམ་འབྲེལ་རང་སྟོབས་བཅས་ཀྱི་འདུ་ཤེས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་མཇུག་སྒྲིལ་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། “དེང་གི་དུས་རབས་སུ་གསེར་གྱོམ་རྒྱལ་ཁབ་ཀྱིས་མཚོན་བྱེད་དུ་བྱེད་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་འཕེལ་རྒྱས་ཕྱིན་ནས། འཛམ་གླིང་གི་མངའ་ཁོངས་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་གཏོང་བཞིན་ཡོད”ཅེས་གསུངས་པ་ལྟར་རེད།

འདི་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་གོ་ལ་ཧྲིལ་པོ་དང་ལྷག་པར་དུ་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཆེན་པོའི་ནང་རང་བདག་གདམ་ག་དང་རང་བརྟེན་མཉམ་ལས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་བགྲོད་ལམ་གསར་པ་སྔོན་ལ་བཏོད་དེ། གོ་ལ་ཧྲིལ་པོ་ཅན་གསར་པར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་པ་དང་འཛམ་གླིང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐབས་ལམ་གསར་པ་བཏོད་ཡོད། ཞིབ་ཕྲའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་དེང་སྐབས་གོ་ལ་ཧྲིལ་པོར་ཀུན་ཕན་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་གནད་དོན་ཆེན་པོ་གཉིས་ཐག་གཅོད་བྱ་རྒྱུར་དམིགས་པ་སྟེ། གཅིག་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཆགས་སྟངས་བསྐྱར་དུ་འཛུགས་རྒྱུའི་གྲུབ་ཆའི་རང་བཞིན་གྱི་ལེགས་སྒྲིག་མ་བྱས་ཐབས་མེད་ཡིན་པ་དང་། གཉིས་ནི་འཛམ་གླིང་ཧྲིལ་པོ་ཅན་གྱིས་མིའི་རིགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་བཏང་སྟེ། འཛམ་གླིང་གི་དེང་རབས་ཅན་དེ་མི་རིགས་རྒྱལ་ཁབ་ཁ་ཤས་ཀྱི་དེང་རབས་ཅན་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དོན་གཉེར་བྱེད་པ་དམིགས་འབེན་དུ་འཛིན་པའི་དེང་རབས་ཅན་དུ་བསྒྱུར་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་པོ་ཞིག་དེང་རབས་ཅན་གྱི་བགྲོད་ལམ་དུ་འཇུག་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་གྲོས་འགོ་ཕན་ཚུན་འབྲེལ་མཐུད་བྱས་པ་བརྒྱུད་རྒྱལ་ཁབ་སོ་སོ་དང་འབྲེལ་གཏུག་བྱས་ཏེ། ཁོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྦས་ཤུགས་འཕེལ་བར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་ཀུན་ལ་ཕན་འདོགས་རང་བཞིན་གྱི་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་དང་། དུས་མཚུངས་སུ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་ཐོག་ནས་ལམ་ལུགས་དང་། རིག་གནས། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ་སོགས་ཀྱི་ཧེ་བག་ཚད་བརྒལ་བྱས་ནས། རྒྱལ་ཁབ་མཉམ་སྐྲུན་གྱིས་ཐུན་མོང་ཐོག་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་དེང་རབས་ཅན་གྱི་རྣམ་པ་དེ་གཅིག་གྱུར་ནས་སྣ་མང་ཅན་དུ་འགྱུར་བ་བྱས་ནས། འཆམ་མཐུན་མཉམ་གནས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཆགས་པར་བྱེད་དགོས།

འཛམ་གླིང་གི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་དེང་རབས་ཅན་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱ་སྐྱེད་བཏང་ནས་འཕྲོག་བཅོམ་བྱས་པའི་དེང་རབས་ཅན་དང་དེའི་འཛུགས་སྐྲུན་ལ་བརྟེན་པའི་བཙན་དབང་གི་སྒྲིག་ལམ་གྱིས་འཛམ་གླིང་ལ་རྒྱུན་མཐུད་དུ་ཟིང་ཆ་བསླངས་པ་དང་། ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུ་ཁྲིད་ཕྱོགས་སུ་འཛིན་པའི་ཐུན་མོང་གི་དེང་རབས་ཅན་གྱིས་ད་གཟོད་བརྟན་བརླིང་གི་རྒྱལ་སྤྱིའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྩོལ་ཐུབ་ཅིང་། རྒྱལ་ཁབ་གཞན་པའི་ཁེ་ཕན་བློས་གཏོང་བ་དང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་དེང་རབས་ཅན་ནི་རྒྱུན་མཐུད་དུ་མི་རུང་བའི་དེང་རབས་ཅན་རེད། དེ་ལྟར་ཡིན་པའི་དབང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་དོན་གཉེར་བྱེད་པ་ནི་རང་ཉིད་གཅིག་པུའི་དེང་རབས་ཅན་མིན་པར། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཐུན་མོང་གིས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསལ་པོར་བསྟན་ཡོད། 《དེ་རིང་ཕ་ཁི་སི་ཐན་ཚགས་པར》གྱི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་། རྒྱལ་ཁབ་སོ་སོའི་འཆམ་མཐུན་མཉམ་གནས་ཀྱིས་རྨང་གཞི་བྱས་པའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་དེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་འདོད་ཚུལ་འཛིན་པ་དང་གོ་ལ་ཧྲིལ་པོ་དར་རྒྱས་ཡོང་ཆེད་སྲ་ཞིང་བརྟན་པའི་དཔལ་འབྱོར་གྱི་རྨང་གཞི་བཙུགས་ནས། “གོ་ལ་ཧྲིལ་པོའི་ལྷོ་རྒྱུད”དེ་མི་སེར་སྤེལ་བའི་རིང་ལུགས་དང་། མི་སེར་སྤེལ་བའི་རིང་ལུགས་གསར་པ། འཇམ་འཐབ་ཀྱི་རྣམ་པ་བཅས་ཀྱི་ཁྲོད་ནས་བཅིངས་འགྲོལ་གཏོང་དགོས་ཞེས་བཀོད་ཡོད།

འཛམ་གླིང་གི་དེང་རབས་ཅན་ནི་གཉིས་ཕན་མཉམ་ལས་ཀྱི་དེང་རབས་ཅན་ཡིན་དགོས། འཛམ་གླིང་འཕེལ་རྒྱས་ཀྱི་མཚལ་ཡིག་གི་དཀའ་གནད་དེ་རྒྱལ་སྤྱིའི་འབྲེལ་བ་རྙིང་པ་རྒྱུན་མཐུད་བྱས་པའི་འགྲན་རྒོལ་དང་། སྟོབས་ཤུགས་ཁྱབ་ཁོངས། བཙན་དབང་ཆབ་སྲིད། གཞན་པ་ཕྱིར་འབུད་དང་སྒེར་བཟུང་སོགས་ཀྱི་བསམ་གཞིགས་དང་ལག་ལེན་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། རྒྱལ་སྤྱིའི་འབྲེལ་བའང་དེའི་དབང་གིས་སྔ་ཕྱི་བར་གསུམ་དུ་སྡེར་མའི་ནང་གི་རིལ་བུ་ལྟར་གྱུར་ཏེ་སྔར་བས་དྲང་གཞག་ལུགས་མཐུན་ཞིག་ཏུ་འགྱུར་མི་ཐུབ་པ་མ་ཟད། རྒྱལ་ཁབ་དང་མི་དམངས་སྔར་ལས་མང་བ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་ཕན་པའི་མ་ལག་ཅིག་ཏུ་རིམ་འཕར་ཡོང་མི་ཐུབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་རྒྱལ་སྤྱིའི་མ་ལག་རྙིང་པའི་སྐྱོན་ཆ་ལས་སྒྲོལ་ནས་དོ་མཉམ་དང་། རྒྱུན་མཐུད། རྒྱལ་ཁབ་སོ་སོའི་ཐུན་མོང་འཕེལ་རྒྱས་བཅས་ལ་ཕན་པའི་རྒྱལ་སྤྱིའི་མཉམ་ལས་མ་ལག་ཧུར་ཐག་གིས་བཏོད་དེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀཱ་ནའི་དཔལ་འབྱོར་རིག་པ་ཡ་ལི་ཧྲན་ཏ·ཨའོ་ཏིན་ཁི་ཨར་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ཐོབ་པའི་རྒྱུ་མཚན་ནི། གྲོས་འགོ་དེས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་སོགས་ཁྱབ་ཁོངས་སོ་སོའི་གྲུབ་ཆའི་རང་བཞིན་གྱི་ཞན་ཆ་ཐག་གཅོད་བྱ་རྒྱུར་གཞོལ་ནས། གཉིས་ཕན་མཉམ་ལས་ལ་བརྟེན་ནས་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་དང་འབྲེལ་དཔལ་འབྱོར་འཕར་གཞི་ཆེན་པོ་གཏོད་པའི་རྐྱེན་གྱིས་རེད།

འཛམ་གླིང་གི་དེང་རབས་ཅན་ནི་ཐུན་མོང་དུ་དར་རྒྱས་ཡོང་བའི་དེང་རབས་ཅན་ཡིན་དགོས། དེང་གི་འཛམ་གླིང་དུ་དྲང་གཞག་མཚལ་ཡིག་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་དང་ལྷོ་བྱང་བར་གྱི་འགལ་རྐྱེན་ཆེན་པོ་སེལ་དགོས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་བྱུང་ན། འཛམ་གླིང་ཧྲིལ་པོ་དར་རྒྱས་བརྟན་བརླིང་ཡོང་བར་གཞི་ནས་རྨང་གཞི་སྔར་ལས་བརྟན་པོ་ཡོང་ཐུབ་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ལའང་དེའི་ཁྲོད་ནས་ཁེ་ཕན་ཐོབ་ངེས་ཡིན་པ་མཐོང་ཐུབ་དགོས། དེ་བས་གཏིང་ཟབ་པའི་དཔལ་འབྱོར་གཏན་ཚིགས་ཤིག་ནི། མ་འོངས་པར་གོ་ལ་ཧྲིལ་པོའི་མི་གྲངས་འཕར་སྣོན་གྱི་གཙོ་གནད་དེ་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ཡོད་པ་དང་། དེ་རུ་འཛམ་གླིང་དཔལ་འབྱོར་གྱི་འཕར་ཚད་ཆེན་པོ་གསོ་སྐྱོང་བྱེད་བཞིན་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་པོ་ཞིག་འཛམ་གླིང་དཔལ་འབྱོར་འཁོར་རྒྱུག་ཆེན་པོའི་ནང་དུ་བཅུག་ནས། འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱས་ན། འཛམ་གླིང་གི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ད་གཟོད་འཛད་མཐའ་མེད་པའི་སྒུལ་ཤུགས་ཐོབ་ཐུབ། “རྒྱུད་གཅིག་ལམ་གཅིག”གིས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་ནས་འགོ་བཙུགས་ཏེ། རྒྱལ་ཁབ་མཉམ་སྐྲུན་གྱིས་ཚོང་དོན་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆའི་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། བཟོ་ལས་ཅན་མངོན་འགྱུར་ཡོང་བ་བཅས་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་ནང་སྔར་ལས་རྒྱ་ཁྱབ་དང་གཏིང་ཟབ་ངང་ཞུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། ཧིན་རྡུ་ཉི་ཞི་ཡའི་མཁས་དབང་དབྱི་མུའུ་ལན·ཧ་ལི་ཏེས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་ས་ཁུལ་གྱི་མི་མཐུན་པའི་ཆ་སེལ་ནས་ཚོང་དོན་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་། ཡོ་རོབ། ལ་ཏིན་མེ་གླིང་། ཨ་ཧྥེ་རི་ཁ་བཅས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཐུན་མོང་ཐོག་དར་རྒྱས་ཡོང་བའི་ཕྱོགས་སུ་སྐྱོད་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་རྣམས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་བརྗིད་ཉམས་ཆེ་བའི་རླབས་ཆེན་གྱི་བྱ་གཞག་ཞིག་རེད། ཐེངས་འདིའི་མཐོ་རིམ་གླེང་སྟེགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལག་གདང་སྦྲེལ་ནས་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུའི་རེ་འབོད་བྱས་པ་མ་ཟད། འཛམ་གླིང་གི་དེང་རབས་ཅན་གང་འདྲ་བྱས་ནས་ཞི་བདེ་འཕེལ་རྒྱས་ཀྱི་དེང་རབས་ཅན་དང་། གཉིས་ཕན་མཉམ་ལས་ཀྱི་དེང་རབས་ཅན། ཐུན་མོང་དར་རྒྱས་ཀྱི་དེང་རབས་ཅན་བཅས་མངོན་འགྱུར་བྱེད་པ་གསལ་བཤད་ཀྱང་བྱས་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ལག་ལེན་འཚོལ་ཞིབ་ལས་བྱུང་བ་དང་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་འཛམ་གླིང་དེང་རབས་ཅན་གྱི་འཕར་ཆག་བརྒྱུད་རིམ་ལ་བསམ་གཞིག་ཟབ་མོ་བྱས་ནས། འཛམ་གླིང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ཇུས་གཞི་བཏོན་པ་དེའི་ཐོག་ནས་རྒྱལ་ཁབ་ཆེན་མོའི་གཙོ་འཛིན་ཞིག་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཤེས་རྟོགས་ཟབ་མོ་དང་རྒྱང་རིང་ལ་བསམ་གཞིག་བྱས་པ་མཚོན་ཡོད། “དེང་རབས་ཅན་གྱི་འཛམ་གླིང་གི་མངའ་ཁོངས་རྦད་དེ་སྒྱུར་བཅོས་བྱེད་པ”ནས“ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་བྱེད་པའི”བར། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།