ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཐོན་རྫས་སྤུས་དག་སྔར་ལས་མང་པ་འདོན་སྤྲོད་ཧུར་ཐག་བྱས་ནས། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འཕར་གནས་སུ་འགྱུར་བར་བྱེད་དགོས།
མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གི་གཅིག་མཐུན་ཚོགས་པ་ཞིག་ཡིན། རང་བྱུང་ཁམས་ཀྱིས་མིའི་རིགས་གསོ་སྐྱོང་བྱེད་བཞིན་ཡོད་པས། མིའི་རིགས་ཀྱིས་ཀྱང་རང་བྱུང་ཁམས་རྩ་བར་བཟུང་སྟེ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་དགོས། རང་བྱུང་ཁམས་ལ་བརྩི་འཇོག་མི་བྱེད་པ་དང་རང་བྱུང་ཁམས་དང་རྒྱབ་འགལ་བྱས་ན་རང་བྱུང་ཁམས་ཀྱིས་གཏོར་བརླག་ཐེབས་ངེས་རེད། རང་བྱུང་ཁམས་ལ་གཏོར་བཤིག་ཚབས་ཆེན་ཕོག་ཚེ་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཆུ་འགོ་མེད་པའི་ཆུ་དང་རྩ་བ་མེད་པའི་ལྗོན་ཤིང་ལྟ་བུར་འགྱུར་ངེས་ཡིན་ལ། ང་ཚོས་མིག་འབྲས་ལ་གཅེས་པ་ལྟར་རང་བྱུང་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།
རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་ལ། གངས་རི་འཁྱགས་ཀླུང་ཡང་གསེར་དངུལ་རི་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན། ང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བ་དང་ཐ་ན་གཏོར་བཤིག་གཏོང་བའི་འཕེལ་རྒྱས་གཏོང་སྟངས་དོར་བ་དང་། ཁོར་ཡུག་བློས་གཏོང་རིན་དོད་དུ་བྱས་ནས་གནས་སྐབས་ཀྱི་འཕེལ་རྒྱས་ཡོང་བར་དམིགས་པའི་མིག་རྒྱང་ཐུང་བའི་བྱེད་སྟངས་དོར་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། རི་བོའི་ཚོགས་ཀྱི་རྒྱལ་པོ་དང་ཆུ་བོའི་ཚོགས་ཀྱི་ཆུ་འགོ་ཡིན་པས། གནའ་འདིའི་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་སྐམ་ས་ཆེན་པོའི་སྐྱེ་ཁམས་མ་ལག་གི་རིགས་ཏེ་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེས་བཟང་པོའི་ས་ཁུལ་གྱི་གྲས་ཤིག་རེད། རི་བོ་མཐོ་ལ་མཚོ་མོ་དྭངས་བ་དང་། འཁྱགས་རོམ་ངོ་མཚར་ཆེ་བས་སྐྱེ་བོ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས། རྒྱལ་ཁབ་དང་མི་རིགས་ལ་འགན་འཁུར་བ་དང་བུ་རབས་ཚ་རྒྱུད་ལ་འགན་འཁུར་ནས་མཐོ་སྒང་གི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། མི་རབས་རྗེས་མར་སྐྱེ་ཁམས་བཟང་པོ་འཇོག་པའི་སེམས་རྒྱུད་བཟང་པོ་ཡིད་ལ་བཅངས་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་དགོས།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རིན་ཐང་དང་བསམ་བློ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་མཉམ་གནས་ཀྱི་འདོད་ཚུལ་བཟུང་ནས་རང་བྱུང་ཁམས་ནས་ཚད་ཡོད་པའི་ལེན་པ་དང་བླངས་རྗེས་གྲོན་ཆུང་བྱེད་ཀྱིན་ཡོད། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུའང“རྩྭ་རྩི་ཤིང་ལའང་ཚེ་སྲོག་ཡོད་པའི”འདུ་ཤེས་འཛིན་ཞིང་། མི་དང་རང་བྱུང་ཁམས་ཀྱི་དངོས་པོ་ཐམས་ཅད་མཉམ་དུ་འཚོ་བ་རོལ་བའི་འདོད་ཚུལ་འཛིན་བཞིན་ཡོད། རང་བྱུང་ཁམས་ཀྱི་ཚེ་སྲོག་ཚང་མར་གཅེས་སྤྲས་བྱས་ནས་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལའང་སྲུང་སྐྱོབ་བྱས་ནས་བྱམས་བརྩེའི་བསམ་པ་དང་སྙིང་རྗེའི་བསམ་པ་བཅངས་བ་དང་། རང་བྱུང་ཁམས་ལ་གུས་ཤིང་སྐྲག་པའི་བསམ་པ་བཅངས་བཞིན་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་ཀྱིན་ཡོད། བློ་གྲོས་དང་བསམ་བློ་དེ་དག་ལ་ད་ལྟའི་དུས་སུའང་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། ང་ཚོས་བློ་གྲོས་དང་བསམ་བློ་དེ་དག་དར་རྒྱས་གོང་འཕེལ་བཏང་ནས་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་གྱི་འབྲེལ་བ་འཛུགས་དགོས།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར། ང་ཚོས་སྟབས་བདེ་ལ་ཚད་རན་པོ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་བཏང་ནས། རྒྱས་སྤྲོས་དང་ཆུད་ཟོས་སུ་མི་གཏོང་བར་ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་སྲོལ་བཟང་རང་རྒྱུད་ལ་འཇགས་པར་བྱེད་དགོས། ང་ཚོས་ནུས་རྒྱུ་གྲོན་ཆུང་དང་། ཐོན་ཁུངས་གྲོན་ཆུང་། འབྲུ་རིགས་གྲོན་ཆུང་བཅས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཧུར་ཐག་གིས་ནུས་རྒྱུ་དང་ཐོན་ཁུངས་ཟད་གྲོན་ཇེ་ཆུང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་མཁན་དང་། ཁོར་ཡུག་གནད་དོན་གྱི་ལྟ་སྐུལ་བ། ལྗང་མདོག་འཚོ་བ་ལག་བསྟར་བྱེད་མཁན་བཅས་བྱས་ཏེ། ཐུན་མོང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།