ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཡིན།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཡིན་པ་དང་། དངོས་པོའི་ཕྱུག་པ་དང་བསམ་པ་ཕྱུག་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྩ་བའི་བླང་བྱ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དངོས་པོའི་རྒྱུ་ནོར་ཕུན་སུམ་ཚོགས་པོ་མངོན་འགྱུར་བྱེད་དགོས་ལ། བསམ་པའི་རྒྱུ་ནོར་ཡང་ཕུན་སུམ་ཚོགས་པོ་མངོན་འགྱུར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་གྱི་སྤྱི་ཚོགས་ཤིག་རེད། དངོས་པོ་དབུལ་ན་སྤྱི་ཚོགས་རིང་ལུགས་མིན་ལ་བསམ་པ་དབུལ་ནའང་སྤྱི་ཚོགས་རིང་ལུགས་མིན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཡོང་འབབ་ཇེ་མང་དུ་གཏོང་དགོས་ལ་བསམ་བློ་ཡང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། “ཟས་ནི་དམངས་ཀྱི་འཚོ་རྟེན་ཡིན”པའི་ཕྱིར། དངོས་པོའི་དགོས་མཁོ་ནི་ཨང་དང་པོ་ཡིན་མོད། འོན་ཀྱང་དེ་ཐོག་ནས་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིག་གཏན་ནས་མིན་པར་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་དང་སྲོག་ཆགས་ཀྱི་འཇིག་རྟེན་བར་གྱི་ཁྱད་པར་ནི་མི་ལ་བསམ་པའི་དགོས་མཁོ་ཡོད་པས། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དུས་དང་རྣམ་པ་ཀུན་ཏུ་གནས་པ་ཞིག་རེད། ང་ཚོས་སྐུལ་འདེད་གཏོང་བཞིན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚད་མཐོའི་དངོས་པོའི་དཔལ་ཡོན་དང་ཚད་མཐོའི་བསམ་པའི་དཔལ་ཡོན་འཕེལ་རྒྱས་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས་པ་དེ་རེད།

དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ངེས་པར་དུ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱེད་དགོས། སྤྱི་ཚོགས་གང་ཞིག་གིས་དངོས་པོའི་དཔལ་ཡོན་ཁོ་ནར་མཐོང་ཆེན་བྱེད་པ་ལས་བསམ་པའི་དཔལ་ཡོན་ལ་མཐོང་ཆེན་མ་བྱས་ཚེ། ང་ཚོ་དངོས་པོའི་ཇི་ཙམ་གྱིས་ཕྱུག་ནའང་བསམ་པའི་ཐད་སྔར་ལས་དབུལ་ཕོངས་སུ་གྱུར་ནས་ཀུན་སྤྱོད་དང་རིན་ཐང་གི་ལྟ་ཚུལ་སྔར་ལས་ཟང་ཟིང་དུ་གྱུར་སྲིད། གལ་ཏེ་བསམ་པའི་དཔལ་ཡོན་ཁོ་ནར་སྣང་ཆེན་བྱེད་པ་ལས་དངོས་པོའི་དཔལ་ཡོན་ལ་མཐོང་ཆེན་མ་བྱས་ན། བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་ཡག་པོ་ཡོང་མི་སྲིད། དེའི་ཕྱིར། ཕྱོགས་གཅིག་ནས་ང་ཚོས་དངོས་པོའི་དཔལ་ཡོན་སྔར་ལས་ལེགས་པ་གསར་དུ་བཏོད་དེ། བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་ཆེད་རྨང་གཞི་དང་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་མཉམ་དུ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་པ་དང་། དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཡོང་ཆེད་རིན་ཐང་གི་ཁྲིད་སྟོན་སྔར་ལས་ལེགས་པ་དང་བསམ་པའི་སྒུལ་ཤུགས་སྔར་ལས་ཆེ་བ་འདོན་སྤྲོད་བྱེད་དགོས།

དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ང་ཚོས་ངེས་པར་དུ་ཕྱོགས་གཉིས་ཀར་དམ་འཛིན་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དངོས་པོའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཕུགས་བསམ་དང་དད་སེམས་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བཅས་བྱས་ཏེ། དངོས་པོའི་ཕྱོགས་ཡོངས་ཕུན་སུམ་ཚོགས་པ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་སྲོལ་གཏོད་ཡག་པོ་དང་། རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ལེགས་པོ་བཅས་བྱུང་ཚེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གཞི་ནས་བདེ་བླག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་རེད་ཅེས་གསུངས་པ་ལྟར་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།