དུས་རབས་གསར་པའི་དངུལ་རྩའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
2023.11.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

—ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

“མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་། དངུལ་རྩའི་བྱ་བ་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་དགོས།”ཉེ་ལམ་འཚོགས་པའི་ཀྲུང་དབྱང་དངུལ་རྩའི་བྱ་བའི་ཚོགས་འདུའི་ཐོག“ཏང་ཀྲུང་དབྱང་གིས་དངུལ་རྩའི་བྱ་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱེད་རྒྱུ་དེ་ནི་དངུལ་རྩའི་བྱ་བ་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་རེད”ཅེས་ནན་བཤད་བྱས་པ་མ་ཟད། ཏང་གིས་དངུལ་རྩའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་ཡོད། དངུལ་རྩའི་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ནན་མོ་བྱས་ནས། དངོས་གནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། སེམས་སུ“རྒྱལ་ཁབ་ཀྱི་དོན་ཆེན”བཅངས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དུས་རབས་གསར་པའི་དངུལ་རྩའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བཅས་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ཁྱད་སྟོབས་ཀྱང་ཡིན། དུས་རབས་གསར་པའི་རང་རྒྱལ་གྱི་དངུལ་རྩའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་གལ་ཆེ་བའི་གྲུབ་འབྲས་གསར་པ་ཐོབ་ཡོད། དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་གིས་དངུལ་རྩའི་བྱ་བར་འགོ་ཁྲིད་བྱས་ནས་ཐོབ་པའི་ལག་ལེན་གྱི་གྲུབ་འབྲས་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་ཟབ་མོ་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི“རྒྱུན་འཁྱོངས་བརྒྱད”སྙིང་བསྡུས་ཚད་མཐོན་པོ་བྱས་པ། ཨང་དང་པོར་བཞག་ཡོད་པ་ནི“ཏང་ཀྲུང་དབྱང་གིས་དངུལ་རྩའི་བྱ་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་དེ་རེད། སྐྱོད་ལམ་གསར་པའི་ཐོག  ཏང་གིས་དངུལ་རྩའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། ང་ཚོའི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་ལམ་ལུགས་ཀྱི་ཁྱད་སྟོབས་ཏེ་དངུལ་རྩ་བཅོས་སྐྱོང་གི་ཕན་ནུས་ལ་བསྒྱུར་ཚེ། གཞི་ནས་དངུལ་རྩའི་ལས་དོན་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཏང་གིས་དངུལ་རྩའི་བྱ་བར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཅིག་གྱུར་མཐུན་སྦྱོར་གྱི་འགག་གནད་དམ་འཛིན་ཡག་པོ་བཅས་བྱེད་དགོས། ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་གནས་དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། ས་གནས་ཏང་ཨུའི་དངུལ་རྩའི་ཨུ་ཡོན་ལྷན་ཁང་དང་དངུལ་རྩའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁོངས་གཏོགས་འགན་འཁྲི་དོན་འཁྱོལ་བྱེད་དགོས། དངུལ་རྩའི་བྱ་བའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་སྟེ། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་དེ་དངུལ་རྩའི་བྱ་བ་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངུལ་རྩའི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་དགོས།

རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་དངུལ་རྩ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། དངུལ་རྩ་གསོན་ཤུགས་ལྡན་ན་དཔལ་འབྱོར་ལ་གསོན་ཤུགས་ལྡན་ཐུབ་པ་དང་། དངུལ་རྩ་བརྟན་པོ་ཡོང་ན་དཔལ་འབྱོར་ཡང་བརྟན་པོ་ཡོང་ཐུབ། དཔལ་འབྱོར་དར་ན་དངུལ་རྩ་དར་བ་དང་། དཔལ་འབྱོར་སྟོབས་ཆེར་གྱུར་ན་དངུལ་རྩ་ཡང་སྟོབས་ཆེར་འགྱུར་སྲིད། དཔལ་འབྱོར་ནི་ཕུང་པོ་ཞིག་ཡིན་པ་དང་དངུལ་རྩ་ནི་ཁྲག་རྒྱུན་ཞིག་ཡིན་པས་དེ་གཉིས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དངུལ་རྩའི་གནས་བབ་དང་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩིས་ནས། མགྱོགས་མྱུར་སྒོས་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། རང་རྒྱལ་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ནས། ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས།

དུས་རབས་གསར་པའི་དངུལ་རྩའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་ངེས་པར་དུ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། དངུལ་རྩའི་དཔུང་ཁག་གི་དྭངས་གཙང་རང་བཞིན་དང་། ཆེད་ལས་རང་བཞིན། དམག་འཐབ་ནུས་པ་བཅས་འདེགས་སྐྱོར་གལ་ཆེན་དུ་བྱས་ནས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་ཀྱིས་བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་དགོས། དངུལ་རྩའི་མ་ལག་ཏུ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཟོལ་མེད་ཡིད་རྟོན་དང་། དྲང་བདེན་ཁེ་ལེན། གཟབ་བརླིང་བརྟན་གསུམ། གཞུང་དྲང་གསར་གཏོད། བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་དུས་ཐོག་ཏུ་སྐུལ་འདེད་བཏང་སྟེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱེད་དགོས། ཧུར་ཐག་གིས་བྱ་བ་སྒྲུབ་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་འདུམ་སེལ་བྱེད་པ། དངུལ་རྩ་སྤུས་ཚད་མཐོན་པོའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ། བྱ་བའི་བཀོད་སྒྲིག་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་ལ་བརྟེན་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དངུལ་རྩའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། དུས་རབས་གསར་པའི་དངུལ་རྩའི་བྱ་བ་ཡག་པོ་སྒྲུབ་པའི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་པོ་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏེ་ལས་འགན་ཨང་དང་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་འཐབ་ཇུས་ཀྱི་ལས་འགན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་རྣམ་པ་དང“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཀྱི་ཐོག་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ། དུས་རབས་གསར་པའི་དངུལ་རྩའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།