མདོ་བ་གྲོང་རྡལ་གྱི་ཐོན་ལས་སྟོབས་དང་ལྡན་ཞིང་འཚོ་བ་བདེ་ཞིང་སྐྱིད།
2023.11.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

མདོ་བ་གྲོང་རྡལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་ཆེས་ཆེ་ཤོས་ཤིག་ཡིན་པ་དང་། ཐུན་རིན་གྲོང་ཁྱེར་དང་ལམ་ཐག་ཆེས་རིང་བའི་ཡུལ་ཚོ་དང་གྲོང་རྡལ་ཞིག་ཀྱང་ཡིན། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན་མོར། ཆར་བ་སམ་སིམ་རྒྱུན་མ་ཆད་པར་བབས་པས་མདོ་བ་གྲོང་རྡལ་གྱི་སྲང་ལམ་གད་བརྡར་བྱས་པ་དང་མཚུངས་པར་གཙང་མར་བཏང་ཡོད་པ་དང་། མི་བགྲོད་མཁན་ཤིན་ཏུ་ཉུང་བས། ལྷིང་འཇགས་ངང་གནས་འདུག གྲོང་རྡལ་གྱི་གསར་དུ་འཛུགས་སྐྲུན་བྱས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་རུ་སླེབས་པ་ན། འདུ་འཛི་ལང་ལོང་དུ་འཕྱུར་བཞིན་འདུག

བདེ་སྐྱིད་ཀྱི་འཛུམ་མདངས་སྡེ་མིའི་གདོང་རུ་མངོན། 

ནོར་ལུག་གི་ཤ་ལས་སྣོན་བྱེད་སའི་འཁོར་ཁང་དང་། ཞོ་ཐོན་སྐྱེད་འཁོར་ཁང་། ཐུམ་སྒྲིལ་འཁོར་ཁང་། ལྗང་མདོག་སྐྱེ་ལྡན་ནོར་ལུག་ཤ ཞོ། རྩམ་པ། དབྱར་རྩྭ་དགུན་འབུ་སོགས་དངོས་སུ་ཕྱིར་འཚོང་བྱེད་བཞིན་མེད་ནའང་། ཆ་ཚང་བའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཐོག་མའི་ལས་སྣོན་ཐོན་རྫས་ཚང་མ་འཛོམས་ཡོད་པ་རེད།

མདོ་བ་གྲོང་རྡལ་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་གྲོང་རྡལ་ཞིག་ཡིན་པ་དང་། རྩྭ་ས་ཆེ་ཞིང་། མང་ཚོགས་ཀྱི་གསོ་སྤེལ་ཉམས་མྱོང་ཕུན་སུམ་ཚོགས་པས། ས་ཁུལ་ཁ་ཤས་ཀྱི་ནོར་གནག་དང་བོད་ལུག་ལ་ད་དུང་སྐྱེ་ལྡན་ཐོན་རྫས་ཀྱི་ངོས་ལེན་དཔང་ཡིག་ཐོབ་ཡོད་མོད། འོན་ཀྱང་ཇི་ལྟར་བྱས་ན“དངོས་པོ་བཟང་པོ” གྲོང་རྡལ་ཆུང་ངུ་ནས་དེ་ལས་ཆེ་བའི་ཁྲོམ་རར་བསྐྱོད་པ་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བར་ད་དུང་མི་ཉམས་མྱོང་ཅན་གྱི་མཛུབ་སྟོན་མཁོ་བ་རེད། “མདོ་བ་གྲོང་རྡལ་གྱི་སྡེ་བ་ཚང་མར་གསོ་སྤེལ་རྟེན་གཞི་ཡོད་པ་དང་། མང་ཚོགས་ཚང་མས་ལག་གཡོན་པས་ཞོ་བཟུང་བ་དང་། ལག་གཡས་པས་ཤ་སྐམ་བཟུང་ཡོད་ལ། སྤུས་ཚད་གཅིག་པ་ཅན་དུ་གྱུར་བ་ཚབས་ཆེ་ཞིང་། ཁ་འཐོར་ངང་གསོ་སྤེལ་བྱེད་པ་ལས་ཚན་རིག་ཅན་གྱི་འཁོར་བསྐྱོད་བྱེད་མི་ཤེས་པ་རེད།

མདོ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་འབྲུག་རྒྱལ་མཁར་གྱིས་བཤད་རྒྱུར། ན་ནིང་གི་སྔོན་ལ། མདོ་བ་གྲོང་རྡལ་གྱི་འཕེལ་རྒྱས་ནི་སེང་གེ་གཟེབ་ནང་དུ་བཅུག་པ་ལྟ་བུ་ཞིག་ཡིན་པ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་རྗེས་སུ། མདོ་བ་གྲོང་རྡལ་གྱིས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་ཆེད་དོན་གྲོས་ཚོགས་བསྡུས་པ་དང་། མུ་མཐུད་ཐུན་མོང་གི་ངོས་ཟིན་གཅིག་བསྡུས་བྱས་ཏེ། ཆེས་མཐའ་མཇུག་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་ཐོན་ལས་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་བ་དང་། གྲོང་གསེབ་དར་སྤེལ་ལ་མུ་མཐུད་རམ་འདེགས་བྱེད་རྒྱུ་ཐག་གཅོད་བྱས།

དེ་ནས་མཚོ་སྔོན་གནའ་རྒྱའི་ཚེ་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་། དེ་ནི་གྲོང་རྡལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་དྲུག་གིས་མ་རྐང་བཞག་ཏེ་བཙུགས་པའི་ཀུང་ཟི་ཞིག་ཡིན་པ་དང་། གཅིག་གྱུར་གྱིས་མདོ་བ་གྲོང་རྡལ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་དང་གསོན་ཕྱུགས་བརྗེ་རེས་ཁྲོམ་རར་འཁོར་བསྐྱོད་དོ་དམ་བྱེད་པ་ཞིག་ཡིན་པ་དང་། གྲོང་རྡལ་ནང་གི་མཉམ་ལས་ཁང་ཆེ་ཆུང་ཚང་མ་དང་འབྲོག་ཁྱིམ་ཕན་ཚུན་འབྲེལ་མཐུད་བྱས་ཏེ། གཅིག་གྱུར་གྱིས་ཐོན་རྫས་ཕྱིར་འཚོང་དང་། གཞི་ཁྱོན་ཅན་དུ་འཁོར་བསྐྱོད་བྱེད་པ། རྒྱུན་མཐུད་སྒོས་སྟོབས་ཆེར་བཏང་།

མཚོ་སྔོན་གནའ་རྒྱའི་ཚེ་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱིའི་འགན་འཛིན་པ་བསོད་ནམས་དར་རྒྱས་ནི་མདོ་བ་གྲོང་རྡལ་ཁ་རྒྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པ་དང་། སློབ་གྲྭ་ཆེན་མོ་བ་ཞིག་ཀྱང་རེད། ཁོས་བཤད་རྒྱུར།“ང་ཚོ་སྡེ་བའི་ཐུན་མོང་མཉམ་ལས་ཁང་ཀུང་ཟིའི་ནང་མ་རྐང་དུ་བཞག་པ་དང་། ཐོན་རྫས་ལས་སྣོན་བྱས་རྗེས་ཁྲོམ་ར་སྔར་ལས་ཆེན་པོའི་ནང་བཙོང་ཐུབ་པ་བྱུང་བ་དང་། ཚོང་རྟགས་ཡོད་པས་མི་ཚད་ད་དུང་སྡེ་མི་རྣམས་ལ་ཡོང་སྒོའང་བགོ་བྱ་རྒྱག་རྒྱུ་ཡོད་པས། སྡེ་བ་ཐུན་མོང་ཡང་མུ་མཐུད་སྟོབས་ཆེར་ཕྱིན་པ་དང་། ད་ལྟ་ཀུང་ཟིའི་མ་རྐང་དེ“མ་རྐང་རག་དཀའ་ཤོས”ཤིག་ཏུ་གྱུར་ཡོད་པ་རེད་ཟེར།

“འབྲོག་ཁྱིམ་དང་། མཉམ་ལས་ཁང་། རྟེན་གཞི། ཀུང་སི”བཅས་ཀྱི་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་བཙུགས་པ་བརྒྱུད་དེ། སྡེ་བ་ཐུན་མོང་གི་རང་བརྟེན་ནུས་པ་མུ་མཐུད་ཇེ་དྲག་ཏུ་སོང་བ་དང་། སྡེ་བའི་མང་ཚོགས་ཀྱི་འཚོ་བར་ཡང་རིམ་བཞིན་འགྱུར་ལྡོག་བྱུང་།

ཁ་རྒྱ་སྡེ་བའི་སྡེ་མི་ཀུན་ཐར་ཚང་གི་ཆེ་རྒྱུ་མེད་པའི་ཁང་པ་དང་ར་སྐོར་ནང་དུ་ས་རྡུལ་ཙམ་ཡང་འགོས་མེད་པ་དང་། ཁང་བའི་ནང་གི་གྱང་ངོས་སུ་བྱིས་པའི་དགའ་རྟགས་མང་པོ་བཀལ་ཡོད་ཅིང་། བཟའ་ཟླ་གཉིས་ཀྱིས་འཕྲུལ་རྟ་ཞིག་གསོ་ཁང་ཞིག་གི་སྒོ་ཕྱེས་ཡོད་ལ། མཚམས་མཚམས་སུ་ཁྱིམ་ལས་ཞབས་ཞུའི་ལས་ཀ་ཡང་གཉེར་བཞིན་ཡོད། ད་ལྟ་མཚོ་སྔོན་གནའ་རྒྱའི་ཚེ་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟིའི་ནང་མ་རྐང་བཞག་ཡོད་པ་དང་། ཁྱིམ་གྱི་ལུག་བཙོང་བར་སེམས་ཁུར་བྱེད་མི་དགོས་ལ། ད་དུང་ཡོང་སྒོའང་བགོ་བྱ་བརྒྱབ་ཆོག་པ་རེད། སྔོན་ཆད་ནད་ཀྱིས་དབང་གིས་དབུལ་བོར་གྱུར་པའི་ཁྱིམ་ཚང་དེ་ད་ལྟ་བདེ་སྐྱིད་འཚོ་བའི་ལམ་དུ་བསྙེགས་ཡོད་པ་རེད།

མདོ་བ་གྲོང་རྡལ་གྱི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་རྟེན་གཞིའི་ནང་གི་ཞིང་ཕྱུགས་ཐོན་རྫས་སྣ་ཚོགས། 

“ད་ལོར་ངས་ལུག་སོ་བརྒྱད་གསོས་ཡོད་པ་དང་། སྔོན་ཆད་ལུག་གཅིག་ལ་སྒོར་མོ་སྟོང་གཅིག་ཡས་མས་བྱས་ནས་བཙོང་བཞིན་ཡོད། ལུག་ཉོ་རུ་ཡོང་བའི་མིས་ལུག་གི་ཆེ་ཆུང་དང་ལུག་རྒྱུད་ལ་མི་ལྟ་བར། ད་ལྟ་གྲོང་རྡལ་གྱི་ཀུང་ཟིས་ནང་མ་རྐང་དུ་བཞག་པ་དང་། གསོ་ཁ་ནས་འབུད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་ལ། ད་དུང་སྒོར་མོ་མང་པོར་བརྗེ་ཐུབ་པ་རེད།

ཀུན་ཐར་གྱི་སེམས་སུ་གསལ་བོར་ཤེས་ཡོད་པ་ནི་ཁོས་མི་འཚོ་བཞུགས་སྐབས་སུ་རེ་བསྙེགས་བྱེད་ས་གཉིས་ཡོད་པ་ནི། སྡོད་ཁང་གི་ཆ་རྐྱེན་དང་ཡོང་སྒོ་གཉིས་རེད། ད་ལྟ་ཚང་མ་ཐག་གཅོད་བྱས་ཡོད། སྡོད་ས་བཟང་བ་དང་། ཡོང་སྒོ་ཡང་བཟང་བ་རེད། འཚོ་བའི་སྤུས་ཚད་ཀྱང་ཇེ་མཐོར་ཕྱིན་ཡོད་ལ། འབྲོག་ཁུལ་དུ་དེང་རབས་ཅན་གྱི་འཚོ་བ་རོལ་ཐུབ་རྒྱུ་བྱུང་བ་དེ་ནི་སེམས་ལའང་དྲན་དཀའ་བ་ཞིག་རེད་ཟེར།

དེ་དང་ཐག་མི་རིང་བའི་ས་ན་ཡོད་པའི་ཡོ་ལག་སྡེ་བར“འབྲོག་ཁྱིམ་དང་། མཉམ་ལས་ཁང་། རྟེན་གཞི། ཀུང་སི”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ཀྱིས་འགྱུར་ལྡོག་བྱུང་ཡོད་པ་དེ་ནི་ཧ་ཅང་མངོན་གསལ་ཞིག་རེད།

ཡོ་ལག་སྡེ་བ་ནི་དབུལ་ཐར་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་དང་རེ་གཉིས་པོ་ལུང་ཁུག་ཞིག་ནས་རི་གཤམ་དུ་གནས་སྤར་བ་དང་། ལོ་འདི་དག་རིང་ལ་སྡོད་ཁང་གི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ཞིང་། ད་ལྟ་བསམ་ཕྱོགས་ཡང་མུ་མཐུད་དུ་གསར་བར་འགྱུར་བཞིན་ཡོད་པ་རེད།

སྡེ་མི་མཁའ་འབུམ་རྒྱལ་སློབ་གྲྭར་སོང་མ་མྱོང་ལ། ཁྱིམ་དུ་ལུག་བརྒྱ་དང་ཉི་ཤུ་ལྷག་གསོས་ཡོད་པས། འབྲོག་པ་མང་ཆེ་བ་དང་འདྲ་བར་ཁོས་སེམས་ཤུགས་ཡོད་རྒུ་བཏོན་ནས་རང་ཁྱིམ་གྱི་ལུག་གསོ་སྤེལ་ཡག་པོ་བྱས་པ་དང་། ཡིན་ཡང་ཕྱིར་བཙོང་པའི་སྐབས་སུ་དཀའ་ངལ་ལ་འཕྲད་བཞིན་ཡོད་པ་རེད། རྒྱ་སྐད་བཤད་མི་ཤེས་པ་དང་། ཁྲོམ་རའི་གནས་ཚུལ་མི་ཤེས་ལ། སྐྱེ་ལྡན་ངོས་འཛིན་དཔང་ཡིག་བླངས་པའི་ལུག་གི་རིན་གོང་བཟང་པོར་བཙོང་ཐུབ་པ་ཤེས་བཞིན་མེད་པ་རེད།

གྲོང་རྡལ་དུ་གསོན་ཕྱུགས་བརྗེ་རེས་ཁྲོམ་ར་ཞིག་བཙུགས་པ་ནས་བཟུང་། མཁའ་འབུམ་རྒྱལ་གྱིས་ཚང་མས་ལུག་ཁྲོམ་རའི་ནང་དེད་དེ་བཙོང་བཞིན་པ་མཐོང་བ་དང་། དེའི་འཕྲོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་རྒྱས་དོན་འགྲུབ་བཙལ་ཞིང་། སངས་རྒྱས་དོན་འགྲུབ་སོགས་སྡེ་བའི་ལས་བྱེད་པའི་རོགས་རམ་གྱི་འོག་ཏུ། མཁའ་འབུམ་རྒྱལ་གྱི་ལུག་སྔོན་ཆད་དང་བསྡུར་ན་རྒྱ་མ་གང་ལ་སྒོར་མོ་དྲུག་ལས་མཐོ་བའི་རིན་གོང་གིས་བཙོང་ཐུབ་པ་བྱུང་བས། ཁོ་ཚང་གི་རྗེས་ཕྱོགས་འཚོ་བར་སེམས་ཁུར་མེད་པར་གྱུར།

ད་དུང་སྡེ་མི་གནམ་ལྷ་རྒྱལ་གྱིས་སྔར་ནས་བཟུང་ལོ་རེར་རྩྭ་སའི་ཡོང་སྒོ་སྒོར་ཁྲི་གསུམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། སྡེ་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་གནའ་རྒྱའི་ཚེ་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟིའི་ནང་མ་རྐང་འཇོག་སྐབས། ཁོའི་སེམས་པར་གཡོ་འགུལ་ཐེབས་བྱུང་། ཡིན་ནའང་། ལག་ཏུ་འཚོ་བའི་གྲོན་དངུལ་ལས་སྒོར་རྐྱང་གཅིག་ཀྱང་མེད་པ་དང་། ཁོ་ཐག་ཉེ་སར་སོང་ནས་ཞོར་ལས་གཉེར་པས། ཉིན་བཅུའི་ནང་སྒོར་མོ་སྟོང་གཉིས་ལྷག་བཙལ་བར་མ་ཟད་ད་དུང་བདེ་བླག་གི་ངང་ནས་མ་རྐང་ནང་ཞུགས།

ཁོས་བཤད་རྒྱུར། སྔོན་ཆད་ནོར་ལུག་གསོས་ནས་ཕྱིར་འཚོང་ས་བཙལ་བཞིན་ཡོད་པ་དང་། ད་ལྟ་ནོར་ལུག་གི་ཤ་ཚགས་བྱེད་པ་དང་། ལས་སྣོན་བྱེད་པ་བཅས་བྱས་ཏེ། ལྕགས་ཀྲིན་ལྟར་བཟོ་བཞིན་ཡོད་པར་མ་ཟད། ད་དུང་སྒོར་མོ་མང་པོ་བཙལ་ཐུབ་པ་བྱུང་བས། ཡོང་སྒོ་བགོ་རྒྱུ་ཡོད་ལ། ད་དུང་ཐག་ཉེ་སའི་ཀུང་ཟི་རུ་སོང་ནས་ཞོར་ལས་གཉེར་ཆོག་པས། ཧ་ཅང་དགའ་དགོས་པ་ཞིག་རེད།

མདོ་བ་གྲོང་རྡལ་གྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ས་གནས་རང་གི་ཁྱད་ཆོས་ལྡན་པའི་སྐྱེ་ལྡན་ཐོན་རྫས་ཕྱིར་བསྐྱོད་པ་དང་། མུ་མཐུད་དུ་དམངས་ཚིས་བདེ་སྐྱིད་ཇེ་མཐོར་བཏང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དེ་མཐའ་ཁུལ་གྱི་གྲོང་རྡལ་ཆུང་ངུ་དེ་རུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། བོད་ལུག་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་ལམ་བུའི་སྟེང་གི“ཕྱུག་འགྱུར་གྱི་ལུག”དང“མིང་གྲགས་ལུག”རུ་གྱུར་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།