ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།
ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་དང་པོའི་ཕྱོགས་སྡོམ་དང་སྐོར་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་ཐོག བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་ནི་ཕན་ཚུན་གཅིག་ཏུ་འབྲེལ་ཞིང་དེ་ནི་གཅིག་རྗེས་གཅིག་མཐུད་ཞིག་ཡིན་པས། ངེས་པར་དུ་གོང་འོག་མཉམ་འགུལ་དང་སྤྱི་འདོམས་འབྲེལ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། བསམ་བློ་ལྷོད་གཡེང་མི་གཏོང་བ་དང་། ཚད་གཞི་ཇེ་དམའ་རུ་མི་གཏོང་བ། ལས་དོན་རྒྱུན་མི་ཆད་པར་སྤེལ་བ། ནུས་ཤུགས་མི་ཉམས་པ་བཅས་བྱས་ནས་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཐད་སྔོན་དཔག་གི་ཕན་འབྲས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
སྐོར་གཉིས་པའི་བརྗོད་དོན་སློབ་གསོར་གནས་མང་བ་དང་། ཁྱབ་རྒྱ་ཆེ་བ། དུས་ཡུན་རིང་བ། འགན་འཁུར་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ། “དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོ་དང་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ནས། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ལེགས་འགྲུབ་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། སྐོར་དང་པོའི་བརྗོད་དོན་སློབ་གསོ་དང་སྦྲེལ་མཐུད་མཉམ་འགུལ་ཡོང་བ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་བྱེད་ཐབས་མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། “སློབ་སྦྱོང་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་ཏུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ”བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཚེ། གཞི་ནས་བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། གཤིས་རྒྱུད་སྦྱོང་བརྡར་ལ་བརྟེན་ནས་བློ་དཀར་སེམས་དཀར་བྱེད་པ། དངོས་སྒྲུབ་འཁུར་ལེན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་ལག་ལེན་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་ལེན་བྱེད་ཐུབ།
སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར། དམིགས་འབེན་བླང་བྱ་འཕྱུགས་མེད་དང་རིགས་དབྱེ་ལག་བསྟར་བྱེད་པར་མཐོང་ཆེན་བྱེད་དགོས། “ དགོངས་པར་སློབ་སྦྱོང་བྱེད་པ”དེ་ལས་འགན་ཨང་དང་པོར་བརྩིས་ནས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་ལེགས་སྒྲིག སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་འབྲེལ་མཐུད་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཟུང་འབྲེལ་གྱི་ལས་དོན་ཡག་པོར་བསྒྲུབས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པ་དང་། གོ་སྐབས་དམ་འཛིན་དང་དངོས་སྒྲུབ་དོན་གཉེར། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་པོ་ཡིན་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ལ་དམ་པོར་དམིགས་པ། གཙོ་གནད་ལས་འགན་སྣ་ཚོགས་གཏན་འཁེལ་བཅས་བྱས་ཏེ། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་བརྗོད་དོན་སློབ་གསོ་གཏོང་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱེད་དགོས་པ་དང་། ས་ཁུལ་མི་འདྲ་བ་དང་། རིགས་མི་འདྲ་བ། ཁྱབ་ཁོངས་མི་འདྲ་བ། ལས་གནས་མི་འདྲ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་གྱི་གཞི་རྟེན་གསུམ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལག་ལེན་གྱི་གཞི་རྟེན་ཞིག་ཏུ་བརྩིས་ནས་ཡུལ་བབ་དང་བསྟུན་པ་དང་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་དགོས། གཞི་རིམ་གྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་དང་། གཞི་རིམ་གྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་དང་གཞི་རིམ་བཅོས་སྐྱོང་། མང་ཚོགས་ལ་ཞབས་ཞུ་བཅས་བྱེད་པའི་ཁྲོད་ཏང་ཡོན་དང་ལས་བྱེད་པས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། འགན་འཁྲི་ལས་སྒྲུབ་བྱེད་དགོས།
སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར། དངོས་གནས་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་སྔོན་འགོག་བྱེད་པར་དོ་སྣང་བྱེད་དགོས། མང་ཚོགས་ཟབ་ཞུགས་བྱེད་ཚད་ཇེ་མཐོར་གཏོང་བ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་དཔྱད་འཇོག་དང་ལེན་བྱེད་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོབ་བྱེད་པར་དམིགས་པ། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག ལྟ་ཞིབ་དག་ཐེར་བཅས་བྱེད་རྒྱུ་དེ་དམིགས་ཡུལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ལ་བརྗོད་དོན་སློབ་གསོའི་ཁྲོད་ནས་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་གནས་ཚོར་དུ་འཇུག་དགོས། དྲིལ་སྒྲོག་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ་དང་དྲང་ནུས་ཆེན་པོ་གཅིག་ཏུ་འགྲིལ་བར་བྱེད་དགོས། བརྗོད་དོན་སློབ་གསོ་དེ་སྐོར་དང་པོ་ནས་སྐོར་གཉིས་པར་བསྒྱུར་དགོས་ན། ངེས་པར་དུ་སྔ་ཕྱི་འབྲེལ་མཐུད་དང་། གོམ་རིམ་གནད་འཁེལ། གཙོ་གནད་འབུར་ཐོན་ཡོང་བ་བཅས་བྱས་ཏེ། སྔ་ཕྱི་ཁ་བྲལ་དང་སྐོར་ཐེངས་ཐ་དད་དུ་འགྱུར་བར་བཀག་འགོག་བྱེད་དགོས། གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། ལས་འགན་གྱི་གསལ་ཐོ་བཅས་ཀྱི་ལམ་ལུགས་བཙུགས་ནས། ལས་དོན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། སྡེ་ཚན་གྱིས་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་། གོང་འོག་མཉམ་འགུལ་གྱིས་གནད་དོན་ལ་ཐད་ཀར་གདོང་གཏོད་པ་དང་དཀའ་གནད་ཐག་གཅོད་བྱེད་དགོས། སྤྱོད་ཚུལ་ནན་སྐྱོང་དང་དངོས་སྒྲུབ་དོན་གཉེར་རྒྱུན་འཁྱོངས་བྱས་ཏེ། གནད་དོན་ཐག་གཅོད་དང་ལས་དོན་ལེགས་བཅོས་བྱེད་པར་ཤུགས་སྣོན་དང་། སྲིད་ཇུས་གསལ་འགྲེལ་དང་། ལས་དོན་ལ་ཁྲིད་སྟོན། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བཅས་བྱས་ནས། བརྗོད་དོན་སློབ་གསོ་སྐོར་གཉིས་པར་ཕྱོགས་ཞེན་དང་གཡོ་ཟོལ་མེད་པ་འགན་ལེན་བྱེད་དགོས།
ང་ཚོས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན། དོན་འཁྱོལ་དམ་འཛིན་ལ་ཤུགས་སྣོན། རྒྱུན་སྲིང་ལྷོད་མེད་ངང་འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ། སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་མགོ་ཡག་པོ་རྩོམ་པ་དང་། གོམ་པ་ཡག་པོ་སྤོ་བ། ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བརྗོད་དོན་སློབ་གསོའི་ཁྲོད་ངར་སློང་བའི་སྤྲོ་སེམས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
ལོ་ཙཱ་བ། སྒྲོལ་མ་སྐྱིད།