རྨ་ཆུའི་འགྲམ་རྒྱུད་ཀྱི་བདེ་སྐྱིད་འཚོ་བ།
2023.11.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

 སྟོན་དུས་ཀྱི་རྨ་ཆུའི་ངོགས་གཉིས་ནི་གསེར་མདོག་གིས་ཚོན་བྱུགས་པ་དང་འདྲ་ལ། རྨ་ཆུའི་རླབས་རྒྱུན་མཐོ་ཞིང་མཛེས་པའི་རི་ཀླུང་དང་ལྷན་དུ་ཡིད་འོང་གི་རི་མོ་ཞིག་གྲུབ་ཡོད། བདེ་སྐྱིད་སྡེ་བར་བསྐྱོད་ཚེ། གྲལ་འགྲིག་པའི་བོད་ལུགས་ཁྱིམ་གཞིས་རེ་རེ་ནི་རྨ་ཆུའི་འགྲམ་ངོགས་སུ་བརྗིད་ཆགས་པར་ཡོད་ལ། བསྟར་ལ་བསྒྲིགས་པའི་ཁྱིམ་ཚང་གི་དཀྱིལ་དབུས་ནི་རིག་གནས་ཐང་ཆེན་ཡིན་པ་དང་། ཉེ་འགྲམ་དུ་རྨ་ཆུའི་ཆུ་འཁོར་ཞིག་དལ་བུར་འཁོར་བ་དེས་མཛེས་སྡུག་ཡིད་འོང་གི་ཞིང་སྡེའི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཆགས་པའི་བདེ་སྐྱིད་སྡེ་བ་ནི་ཡུལ་བབ་དང་བསྟུན་ནས་གནས་སྤོར་བྱས་པའི་སྡེ་བ་ཞིག་ཡིན། 2016ལོར་དབུལ་ཕོངས་མང་ཚོགས་རང་བྱུང་གི་ཆ་རྐྱེན་ཐབས་སྡུག་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་འཚོ་བའི་དཀའ་ངལ་ལས་ཐར་ཆེད། གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རི་མགོའི་གནད་དོན་རི་འདབས་སུ་ཐག་གཅོད་པའི་ཐབས་ལམ་བཏོན། 2017ལོར། གཅན་ཚ་རྫོང་གི་ཞང་གྲོང7གྱི་སྡེ་བ30ཡི་ཁྱིམ་ཚང251དང་སྡེ་མི946རི་མགོ་ནས་བབས་ཏེ། གནམ་གཤིས་དྲོད་གྲང་བཟང་པའི་རྨ་ཆུའི་འགྲམ་ངོགས་སུ་སྤར།

ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སོང་བ་དང་བསྟུན་ནས། བདེ་སྐྱིད་བདེ་བས་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་སྡེ་བ་ནས་དྲ་གྲགས་ཡུལ་སྐོར་སྡེ་བར་འགྱུར་ལྡོག་བཏང་། སྡེ་མི་རྣམས་ཀྱིས་རང་རང་གི་ལེགས་ཆའི་ཐོན་ཁུངས་བེད་སྤྱད་དེ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ནས། ས་གནས་ཀྱི་བྲོ་བ་ལྡན་པའི་ཟས་མཆོག་ལ་བརྟེན་ནས་ཕྱོགས་བཞིའི་མགྲོན་པོ་བཀུགས་ཡོད།

2018ལོའི་ཟླ6པར། གསར་འགོད་པ་ཐེངས་དང་པོར་སྡེ་མི་སྟག་བྷའི་དམངས་སྲོལ་མགྲོན་ཁང་དུ་བསྐྱོད་སྐབས། གྲལ་འགྲིག་པའི་ཁྱིམ་ཚང་གི་ར་སྐོར་ནང་། ཕྱོགས་བཞིར་བོད་ལུགས་ཀྱི་ཤིང་ཁང་བཟོས་ཏེ། ཁྱིམ་གྱི་བཟོ་བཀོད་མཛེས་ཤིང་སྤུས་དག་ཡིན་ལ། བོད་ལུགས་ཀྱི་ལྕགས་ཐབ་སྟེང་འོ་མ་གདུ་ལྷོག་བྱེད་བཞིན་ཡོད། ལོ་འདིར། ཁྱིམ་ཚང30ཡི་སྡེ་མིས་སྡེ་བའི་ལས་བྱེད་པའི་འབོད་སྐུལ་འོག རང་འགུལ་ངང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་མ་ཟད་བཟའ་བཏུང་གཡོས་སྦྱོར་གསོ་སྦྱོང་དང་ལེན་བྱས།“ཐོག་དང་པོར་ང་ཚོར་སྦྱངས་འདོད་དེ་འདྲ་མེད་དེ། སྐྱེས་པ་ཞིག་གིས་གཡོས་སྦྱོར་བྱས་ན་ངོ་སོ་མེད་པར་སྙམ”ཞེས་སྟག་བྷས་དེ་ལྟར་བཤད།

2019ལོའི་ཟླ11པར། གསར་འགོད་པས་ཡང་བསྐྱར་སྟག་བྷ་ཐུག་སྐབས། ཁོས་ཇ་ཁང་དུ་ཟ་མ་གཡོས་སྦྱོར་བྱེད་བཞིན་ཡོད། ད་ལྟ་སྡེ་བའི་སྐྱེས་པ་མང་པོ་ཞིག་ང་དང་འདྲ་བར། གཡོས་སྦྱོར་གསོ་སྦྱོང་ལ་ཞུགས་ནས་ཟ་མའི་བྲོ་བ་འགྲན་བསྡུར་དང་སུས་ཡོང་སྒོ་མང་པོ་བཙལ་བ་འགྲན་བཞིན་ཡོད་ཅེས་དགོད་ཞོར་དུ་བཤད། ད་ལྟ། བདེ་སྐྱིད་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་དུ་མིང་དུ་གྲགས་པའི་དྲ་གྲགས་སྡེ་བ་ཞིག་ཡིན་ཞིང་། ལོ་དེར་ཡུལ་སྐོར་པ་འབུམ་གཉིས་ཁྲི་བརྒྱད་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ས་ཡ་བདུན་འབུམ་བཞི་དང་མང་ཚོགས་ལ་ཡོང་སྒོ་སྒོར་འབུམ་བརྒྱད་བགོས།

ད་ལོའི་ཟླ4པར། སྟག་བྷ་ཚང་གི་ཉིས་ཐོག་ཏུ་ཇ་ཁང་ཞིག་སྒོ་ཕྱེས་པ་དང་། ཚལ་ཐོའི་སྟེང་ཟས་སྣ40ལྷག་ཡོད། ཟླ9པར། སྟག་བྷ་ཁྱིམ་ཚང་གང་པོས་དམངས་སྲོལ་མགྲོན་ཁང་དང་བཟའ་བཏུང་། ཚོང་ཁང་བཅས་གཉེར་ནས་ཡོང་སྒོ་སྒོར་ཁྲི4ལྷག་ཡོད། བདེ་སྐྱིད་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཆན་ཝེ་ཡིས་གསར་འགོད་པར་བཤད་རྒྱུར། སྡེ་མི་རྣམས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་ནི2016ལོའི་སྒོར3258ནས་2022ལོའི་སྒོར་ཁྲི་གཅིག་སྟོང་གསུམ་ལ་འཕར་ཡོད་ཟེར།

གཞན་ཡང་། འོད་ནུས་དང་ཆུ་ཁོངས་སོགས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས། བདེ་སྐྱིད་སྡེ་བས་ད་དུང་དམངས་སྲོལ་རོལ་མྱོང་དང་ཕ་བུའི་བྱེ་ཐང་། ཆུ་ཐོག་རོལ་རྩེད། སིལ་ཏོག་བཏོག་པ་སོགས་ཀྱི་ཡུལ་སྐོར་ལས་གཞི་གསར་སྤེལ་བྱས་ཡོད། སྒོ་ཕྱེས་ན་ཚོང་ཁང་དང་སྒོ་བརྒྱབ་ན་ཁྱིམ་ཚང་ཡིན་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་བདག་གཉེར་རྣམ་པས། གནས་སྤར་མང་ཚོགས་ཀྱིས་ཞིང་སྡེའི་ཡུལ་སྐོར་ལ་བརྟེན་ནས་ཡོང་སྒོ་བསྐྲུན་ཡོད་ཅེས་ཆན་ཝེ་ཡིས་དེ་ལྟར་བཤད།

རྨ་ཆུ་ནི་འགྲམ་ངོགས་ཀྱི་སྡེ་འདབས་བརྒྱུད་ནས་ལྷུང་ལྷུང་དུ་ཤར་དུ་འབབ་ལ། འགྲམ་རྒྱུད་དུ་སྡེ་བ་གཞན་ཞིག་གསར་དུ་དར་བ་སྟེ། གླེ་གཞུག་སྡེ་བ་ནི2019ལོའི་ཟླ1པོའི་ཚེས7ཉིན་སྔོན་ཆད་འཚོ་སྡོད་ཆ་རྐྱེན་ཤིན་ཏུ་ཞན་པའི་རི་མགོ་ནས་བབས་ཏེ། བདེ་སྐྱིད་སྡེ་བའི་ཡུལ་སྐོར་ཐོན་ལས་ཕྲེང་སྦྲེལ་རྒྱ་བསྐྱེད་སར་གྱུར་ཡོད།

ད་ལོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ནས་ཟླ4རིང་ཡོང་སྒོ་སྒོར་ཁྲི2ཙམ་ཡོད་ལ། སྡེ་བའི་བཟའ་བཏུང་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ང་རང་བོད་ཟས་གཡོས་སྦྱོར་བྱེད་པར་སྤྲོ་སེམས་སྐྱེས་བྱུང་ཞེས་གླེ་གཞུག་སྡེ་བའི་སྡེ་མི་ཚེ་བརྟན་གྱིས་གསར་འགོད་པར་དེ་ལྟར་བཤད་ལ། ཁོས་ཟ་ཁང་བཟོ་བཅོས་བྱས་ནས་ཁྱིམ་ཆས་གསར་ཏུ་བསྒྲིགས་ཏེ་ཡུལ་སྐོར་པར་སྔར་ལས་སྟབས་བདེ་བསྐྲུན་རྩིས་ཡོད།

གླེ་གཞུག་སྡེ་བའི་དམངས་སྲོལ་མགྲོན་ཁང་ཚོང་ལས་ཁུལ་དུ་ཚོང་ཁང་བྱེ་ཐང་གི་ཕྱིར་འཚོང་ས་ཚིགས་གཉེར་ནས་ཡུལ་སྐོར་པར་ལྗོངས་རྒྱུ་དང་བཟའ་བཏུང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པའི་དུས་མཚུངས་སུ། རིམ་བཞིན་རང་སྡེ་བའི་སྡེ་མིས་རང་ས་ནས་ལས་ཞུགས་མངོན་འགྱུར་བྱས་ཡོད། ང་ཚོས་སྡེ་མིར་ལས་རྐང28འདོན་སྤྲོད་བྱས་ཡོད་ལ། ད་ལོར་སྡེ་བར་ཐུན་མོང་ཡོང་སྒོ་སྒོར་འབུམ་གཅིག་ཁྲི་ལྔ་བགོས་པ་དང་།  རྗེས་ཕྱོགས་སུ་ལོ་རེར་སྒོར་ཁྲི5རེ་ཇེ་མང་དུ་གཏོང་རྒྱུ་ཡིན་ཞེས་གླེ་གཞུག་སྡེ་བའི་གཙོ་གནད་དམངས་སྲོལ་མགྲོན་ཁང་ལས་གཞི་འཛུགས་སྐྲུན་བྱེད་པའི་ཧུའུ་ཀྲོའུ་ཧི་ཅ་ཞིན་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་སུན་དབྱིན་དབྱི་ཡིས་དེ་ལྟར་བཤད།

བདེ་སྐྱིད་ཅེས་པའི་སྡེ་མིང་འདོགས་དོན་ནི་སྡེ་མི་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་སུ་བཅངས་ནས། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་ཇེ་བཟང་ཇེ་ལེགས་སུ་གཏོང་རྒྱུ་དང་། ཡུལ་སྐོར་པས་གནས་འདི་རུ་བདེ་སྐྱིད་ལ་རོལ་མྱོང་བྱེད་རྒྱུའི་ཆེད་ཡིན་ཞེས་བདེ་སྐྱིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤ་བོ་དོན་གྲུབ་ཀྱིས་དེ་ལྟར་བཤད།

2020ལོའི་ཟླ7པར། བདེ་སྐྱིད་སྡེ་བར་རྒྱལ་ཡོངས་ཞིང་སྡེ་ཡུལ་སྐོར་གཙོ་གནད་སྡེ་བའི་མཚན་སྙན་ཐོབ་པ་དང་། 2022ལོར། གླེ་གཞུག་སྡེ་བར་ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་ཞིང་སྡེའི་མཚན་སྙན་ཐོབ། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།