སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་བཏང་།
2023.11.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལ་མདོ་དབུས་མཐོ་སྒང་གི་དམིགས་བསལ་རང་བཞིན་མངོན་གསལ་ལྡན་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་མཉམ་འདྲེས་འཕེལ་རྒྱས་ལས་མཚོན་པར་བྱ་རྒྱུ་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རང་རྒྱལ་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་དོ་ཁུར་བྱེད་པའི་བཅའ་ཁྲིམས་ཐོག་མ་ཡིན་པའི་ཆ་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་པ་དང་། མདོ་དབུས་མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། རི་ཀླུང་ཁྲི་སྟོང་སྲུང་སྐྱོབ་བྱ་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད། མཚོ་སྔོན་གྱི་ངོས་ནས་བརྗོད་ན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེས་མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་བསྐྲུན་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད་བཅའ་ཁྲིམས་ཀྱི་མཚོན་ཆ་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ལ་དམིགས་བསལ་ཞིག་ཡིན་པ་དེས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་།“རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ”སྲུང་སྐྱོབ།“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་མདོ་དབུས་མཐོ་སྒང་གི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཐོན་པའི་དོན་དངོས་ཀྱི་དགོས་མཁོ་མང་པོར་དངོས་གནས་ལན་བཏབ་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་བཅའ་ཁྲིམས་ཀྱི་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། དངོས་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་འཁུར་བར། ཁྲིམས་སྐྱོང་གི་བསམ་གཞིག་རྒྱུན་འཁྱོངས་དང་། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ཆེན་པོ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་གནང་ཡོད། གཟབ་ནན་གྱི་ལམ་ལུགས་དང་གཟབ་ནན་གྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་ལྟ་བ་ནན་མོ་རྒྱུན་འཁྱོངས་བྱ་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན་དུ”བརྩིས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་འདུ་ཤེས་ཀྱི་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གི་ཁྲིམས་འཛིན་སྲུང་སྐྱོབ་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་འགན་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་འགན་ནུས་དང་ནུས་པ་སྣེ་མང་མཉམ་བཅོས་ཀྱི་མཐུན་སྦྱོར་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སོགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བསྡོམས་པས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པར་སྐྱིན་གསབ་སྤྲོད་པའི་གྱོད་གཞི115ཐག་གཅོད་བྱས་པ་དང་། ས་རྒྱུ་སྨི་ངོས་སྙོམས་གྲུ་བཞི་འབུམ་གཉིས་དང་ཁྲི་གསུམ་སྟོང་གཅིག་དང་། ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ། ནགས་ཚལ་སྨི་ངོས་སྙོམས་གྲུ་བཞི་ས་ཡ་གཉིས་དང་འབུམ་བདུན་ཁྲི་ལྔ་སྟོང་བརྒྱད། རྩྭ་ཐང་སྨི་ངོས་སྙོམས་གྲུ་བཞི་འབུམ་དྲུག་བཅས་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

2021ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་བྱ་བ་སྤེལ་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་ཁེ་ལས679དང་། སྲིད་འཛིན་ཆད་གཅོད་ཁག362 དངུལ་ཆད་སྒོར་བྱེ་བ་བཞི་ལྷག་བཅད་པ་དང་།  སྤྱི་བདེ་ལས་ཁུངས་ལ་མྱུལ་ཞིབ་བྱ་རྒྱུར་གྱོད་དོན་ཉི་ཤུ་བཅས་སྤྲད་པ་རེད། སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རོགས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་ཇེ་བརྟན་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་མདུན་གྲལ་དུ་སླེབས་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་ཇེ་བརྟན་དུ་ཕྱིན་ཡོད། གྲུབ་འབྲས་མཐོང་བ་དང་དུས་མཚུངས་སུ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། ལྗང་མདོག་ཐཱན་ཉུང་རིགས་བསྒྱུར་གོང་སྤེལ་ལས་འགན་ལྗིད་ལ་ལམ་ཐག་རིང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏིང་རིམ་ཟབ་མོའི་གནད་དོན་ཁ་ཤས་ད་དུང་རྩ་བའི་ཆ་ནས་ཐག་གཅོད་ཐུབ་མེད་པ་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱ་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་བསྟན་དོན། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་འཛིན་སྲུང་སྐྱོབ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ངེས་པར་དུ་ལམ་ལུགས་ལ་བརྟེན་དགོས་པ་དང་ཁྲིམས་སྐྱོང་ལ་བརྟེན་དགོས། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ཁོར་ཡུག་སྲུང་སྐྱོབ་ཐད་གནས་པའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཁྲིམས་སྐྱོང་འཛུགས་སྐྲུན་དང་ཁ་འབྲལ་ཐབས་མེད། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་ཞིབ་ཚགས་ཀྱི་ཁྲིམས་སྐྱོང་ལག་བསྟར་བྱས་ཚེ། གཞི་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློས་འགེལ་ཆོག་པའི་འགན་ལེན་བྱེད་ཐུབ། དེར་བརྟེན་ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་བཅའ་ཁྲིམས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱ་ཐབས་ཐོག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་བསྐྲུན་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱ་འགུལ་ལ་སྐུལ་འདེད་གཏོང་བ། ཚང་མས་ཡང་དག་པའི་སྐྱེ་ཁམས་ལྟ་བ་འཛུགས་རྒྱུ་དར་སྤེལ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་འདུ་ཤེས་འཛུགས་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག “ཁུ་ནུ”དང་།“རྨ་ཆུ་རུ་ཉ་འཛིན་མི་ཆོག་པ།”“འབྲི་ཆུ་རུ་ཉ་འཛིན་མི་ཆོག་པ”སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་ཞིབ་ཚགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།