མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བྱ་བ་དངོས་བསྒྲུབས་ནས་དམངས་ཀྱི་སེམས་ཁྲལ་སེལ།
2023.11.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ”བཅས་ཀྱི་དམིགས་འབེན་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དཀའ་གནད་ལས་སྒྲོལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཤུགས་འདོན་སར་བརྩིས་ཏེ། མུ་མཐུད་དུ་བྱ་ཐབས་དངོས་འདོན་པ་དང་། དོན་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ཐད་དངོས་ཡོད་ཀྱི་བྱ་བ་སྒྲུབ་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་དངོས་མཚོན་པར་བྱས་ཡོད།

ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་ཐབས་འདོན་ཇུས་འབུལ་བྱས་པ།

ཉེ་ལམ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ལས་བྱེད་པ་རྒན་པའི་ཞབས་ཞུ་ཁང་གི་ཏང་ཀྲི་པུའུ་ཡིས“སྲོལ་རྒྱུན་གླེང་བ་དང་། བསྐྱར་དར་གླེང་བ། སྟོབས་ཤུགས་གཅིག་སྡུད”བཅས་ཀྱི་ཆེད་དོན་རྟོག་ཞིབ་དང་ཟུང་འབྲེལ་བྱས་ཏེ། ཐབས་འདོན་ཇུས་འབུལ་གྱི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ།

“ད་ལྟ། མིན་ཡོན་རྫོང་གི་ལས་དོན་སོ་སོ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཟས་གོས་འགྲོ་འདུག་དང་། སློབ་གསོ། སྨན་བཅོས་ཉེན་ཚབ། རྒན་པའི་འགན་སྲུང་ཆུ་ཚད་སོགས་ཐད་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེའི་རྨང་གཞིའི་སྟེང་ངས་མིན་ཡོན་རྫོང་གིས་ད་དུང་མུ་མཐུད་གཤམ་གསལ་གྱི་བྱ་བ་དེ་དག་ཡག་པོར་བསྒྲུབ་དགོས་པར་ངོས་འཛིན་བྱེད་བཞིན་ཡོད”ཅེས་བྱེད་སྒོ་སྤེལ་བའི་སྐབས་སུ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ལིས་ཡོན་མའོ་ཡིས་བཤད་རྒྱུར། མིན་ཡོན་རྫོང་གིས་མ་དངུལ་ནང་འདྲེན་གྱི་སྟེགས་བུ་གཙོ་གནད་དུ་བཟུང་ནས་ལེགས་པོར་སྐྲུན་ཏེ། ཤུགས་ཡོད་ཚད་ཀྱིས་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་ལས་རིགས། ཞིང་ཕྱུགས་ལས།ཐུན་མོང་གི་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། རྫོང་ཁོངས་ཀྱི་སྤུས་རྟགས་ཐོན་རྫས་སྐྲུན་རྒྱུ་བརྩོན་ལེན་བྱས་ནས་ཞིང་ཆེན་གཞན་དང་། ཡང་ན་འཛམ་གླིང་དུ་ཕྱིར་འཚོང་བྱེད་དགོས། མིན་ཡོན་རྫོང་གིས་ད་ཡོད་ཀྱི་སློབ་གསོའི་ཐོན་ཁུངས་དང་ཕྱི་ཡི་སློབ་སྐྱོར་འགུལ་སྐྱོད་བཀོལ་སྤྱོད་ལེགས་པོ་བྱས་ནས་ཤུགས་ཡོད་ཚད་ཀྱིས་ཕྱི་ཡི་རོགས་སྐྱོར་དང་བསྐྱར་སྐྲུན་བྱས་པའི་ལུའུ་ཆིན་མཐོ་རིམ་སློབ་འབྲིང་ལ་བརྟེན་ནས་མིན་ཡོན་རྫོང་གི་བྱིས་པ་རྣམས་ཀྱིས་སྤུས་ལེགས་སློབ་གསོ་མྱོང་ཐུབ་པར་བྱེད་དགོས། དེ་དང་ཆབས་ཅིག ཞིང་སྡེའི་བྱིས་སྐྱོང་ཁང་གི་སློབ་སྒྲུབ་ཆ་རྐྱེན་དང་སློབ་གསོའི་རྣམ་པར་ཤུགས་བསྣན་ནས་ཆེད་ལས་ཅན་གྱི་དགེ་རྒན་སྔར་ལས་མང་པོ་གསོ་སྐྱོང་བྱས་ཏེ་ཞིང་སྡེའི་བྱིས་སྐྱོང་ཁང་གི་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས་ཟེར།

མིན་ཡོན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཚན་ཁག་གི་ལས་བྱེད་པ་པེད་ཧྥ་ཞིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མིན་ཡོན་རྫོང་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་ལས་བྱེད་པ་རྒན་པའི་ཞབས་ཞུ་ཁང་གི་ཏང་ཀྲི་པུའུ་ལ་བརྟེན་ནས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་ལས་བྱེད་པའི་ལོ་ཚོད་དང་། ལུས་ཕུང་། སྡོད་གནས་སོགས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་མིན་ཡོན་རྫོང་དུ་རིམ་པ་དགར་ནས་གཅིག་བསྡུས་ཀྱི་གྲོས་སྡུར་སློབ་སྦྱོང་བྱེད་པ་དང་། ཏང་ཡོན་རྒན་པས་ཏང་གི་སློབ་ཁྲིད་བྱེད་པ། བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས་ཡུལ་དངོས་ཀྱི་བྱེད་སྒོ་དང་“མཚོ་སྔོན་ལས་བྱེད་པ་རྒན་པའི”APPདང་“མཚོ་བྱང་གི་ལས་བྱེད་པ་རྒན་པ ” “མིན་ཡོན་གྱི་ཏང་འཛུགས”སོགས་སྟེགས་བུ་བརྒྱུད་དེ་དྲ་སྟེང་ནས་བྱེད་སྒོ་སྤེལ།

དེ་དང་ཆབས་ཅིག མིན་ཡོན་རྫོང་གིས་ལས་བྱེད་པ་རྒན་པས་ཐབས་འདོན་ཇུས་འབུལ་གྱི་སྟེགས་བུ་སྐྲུན་ནས་ལས་བྱེད་པ་རྒན་པའི་སྲིད་ཞུགས་གྲོས་དོན་གྱི་སྤྲོ་སྣང་ལ་སྐུལ་སློང་བྱས། “ཐབས་འདོན་ཇུས་འབུལ་གྱི་བྱེད་སྒོའི་ཁྲོད། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་མིན་ཡོན་རྫོང་ཁོངས་ཀྱི་ལས་རིགས་སོ་སོའི་འཕེལ་རྒྱས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་པ་དང་། མིན་ཡོན་རྫོང་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་དུས་ལྟར་ལས་བྱེད་པ་རྒན་པས་བཏོན་པའི་གནད་དོན་དེ་དག་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་པ་དང་། ཞིབ་བསྡུར་བྱས་ནས་བཏོན་པའི་གནད་དོན་དེ་དག་བྱ་བ་ལེགས་བཅོས་ཀྱི་དམིགས་འབེན་དུ་བྱས་ནས་མིན་ཡོན་རྫོང་གི་བྱ་བ་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་དགོས”ཞེས་པེད་ཧྥ་ཞིན་གྱིས་དེ་ལྟར་བཤད། “དམངས་ཀྱི་གནས་ཚུལ་དྲ་མིག་ཁང”གིས་ཞབས་ཞུ་ཁྱིམ་ཚང་དུ་བསྐྱལ་བ།

ཆུ་ལེན་རྫོང་རྫ་དམར་ཡུལ་ཚོ་སྒོ་མེ་སྡེ་བ་རུ“དྲ་མིག་ཁང་”ཞིག་ཡོད་པ་དེ་གཞན་དང་མི་མཚུངས་པ་ཞིག་ཡིན་པ་ནི། དེ་ནི་དམངས་ཀྱི་གནས་ཚུལ་གཅིག་བསྡུ་དང་ཕྱིར་བསྐྱལ་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དེ་རེད། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། སྒོ་མེ་སྡེ་བའི་ཏང་ཀྲི་པུའུ་ཡིས“དམངས་ཀྱི་གནས་ཚུལ་དྲ་མིག་ཁང་”ལ་བརྟེན་ནས་ལུས་སྟོབས་ཞན་ཞིང་ནད་མང་བ་དང་། འགྲོ་འདུག་སྟབས་མི་བདེ་བའི་མང་ཚོགས་དང་རྒན་པར་དུས་གཏན་འཁེལ་གྱི་ནང་འཚམས་འདྲིར་བྱས་པར་མ་ཟད། ཏང་ཡོན་རྩ་འཛུགས་བྱས་ནས་དུས་རྒྱུན་སློབ་ཁྲིད་སྒོ་ཁར་བསྐྱལ་བའི་བྱེད་སྒོ་སྤེལ་ནས་ཁོ་ཚོར་དམངས་ཕན་སྲིད་ཇུས་བརྒྱུད་སྒྲོག་བྱས།

ཆུ་ལེན་རྫོང་རྫ་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཅིན་མའེ་ཡིས་བཤད་རྒྱུར།

“དམངས་ཀྱི་གནས་ཚུལ་དྲ་མིག་ཁང་”དེ་ན་ནིང་ཟླ་བཅུ་བར་སྤྱོད་འགོ་ཚུགས་པ་དང་། དེ་ནི“ཏང་འཛུགས་དང་། དམངས་ཀྱི་གནས་ཚུལ་དྲ་མིག་ཁང་”གི་བསམ་ཕྱོགས་ལྟར། སྒོ་མེ་སྡེ་བ་དེ་དྲ་མིག་ཁང་བཅུ་རུ་དབྱེ་ནས“རིག་ལྡན་དམངས་འཚོའིAppསྟེགས་བུ”བསྐྲུན་པ་བརྒྱུད་དེ། མཛུབ་གུ་འགུལ་བ་ཙམ་གྱིས“ས་ཚིགས་གཅིག་རྣམ་པའི་ཞབས་ཞུ”སྒྲུབ་པ་མངོན་འགྱུར་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས། “རྫ་དམར་ཡུལ་ཚོ་སྒོ་མེ་སྡེ་བས‘དམངས་ཀྱི་གནས་ཚུལ་དྲ་མིག་ཁང་’བརྒྱུད་དེ་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་སྐྲུན་བྱས་པ་དང་། སྡེ་མིར་གནད་དོན་གང་ཞིག་དང་བྱ་བ་ཅི་ཞིག་ཡོད་རུང་། ལག་འཁྱེར་ཁ་པར་གྱིས་འཕྲིན་ཕྲན་རྩ་གཉིས་ཨང་རྟགས་བཤེར་ནས‘དམངས་ཀྱི་གནས་ཚུལ་དྲ་མིག་ཁང་’ལ་གནས་ཚུལ་ཡར་ཞུ་བྱས་ཚེ། མི་སྣ་སྒོ་ཁར་ཡོང་ནས་གནད་དོན་མྱུར་དུ་ཐག་གཅོད་བྱེད་མཁན་ཡོད་ཅིང་། དོན་ངོ་མའི་སྟེང་‘དྲ་མིག་ཁང་’དུ་དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་། ‘འགན་འཁྲི་ཁང་’དུ་དམངས་ཀྱི་སེམས་ཁུར་སེལ་བཞིན་ཡོད། མིག་སྔར། ‘དམངས་ཀྱི་གནས་ཚུལ་དྲ་མིག་ཁང་’གིས་དམངས་ཀྱི་གནས་ཚུལ་སྐོར་གྱི་ཆ་འཕྲིན་ཞེ་བཞི་དང་ལེན་དང་ཐག་གཅོད་བྱས་པ་དང་། ཐག་གཅོད་བྱས་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།”

ནོར་ལུག་གི་ཤ་ཕྱིར་འཚོང་བྱེད་རྒྱུར་སེམས་ཁྲལ་བྱེད་མི་དགོས་པ་རེད།

“ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར་དུ་རྐང་ཚའི་ནོར་ལུག་གི་ཤ་དག་མ་ཕྱིར་འཚོང་བྱེད་སའི་ཚོང་ཁང་གི་སྒོ་ཕྱེས་ནས་ཉིན་བཅུ་ལས་འགོར་མེད་ཀྱང་། ཉིན་རེར་ཡོང་སྒོ་སྒོར་མོ་ཁྲི་གཉིས་ཡས་མས་ཡོད”ཅེས་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཅིན་ཡུང་ཆིན་གྱིས་གཏམ་བཟང་ཞིག་ཐོས་ཡོང་།

རྐང་ཚའི་ནོར་ལུག་གི་ཤ་དག་མ་ཕྱིར་འཚོང་བྱེད་སའི་ཚོང་ཁང་ནི་ཁྱོན་རྒྱས་ཡུལ་ཚོ་བྲག་ཁྲ་ལོ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་གཏོགས་ཡིན་པ་དང་། ཚོང་ཁང་དེ་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ཞང་ཀི་ལུས་ལཱ་རུ་ཡོད་པ་དང་། ཟླ་བཅུ་བའི་ཟླ་མཇུག་ཏུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། ཅིན་ཡུང་ཆིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ནོར་ལུག་གི་རིན་གོང་མར་ཆག་པ་དང་ནོར་ལུག་གསོ་ཁ་ནས་འབུད་ཚད་ཅུང་དམའ་ལ། ཕྱིར་འཚོང་བྱེད་དཀའ་བ་སོགས་རྒྱུ་རྐྱེན་གྱིས་ཁྱོན་རྒྱས་ཡུལ་ཚོའི་རོང་འབྲོག་མང་ཚོགས་ཀྱི་ནོར་ལུག་གསོ་ཁ་ནས་འབུད་པར་ཤུགས་མང་པོ་འདོན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ནོར་ལུག་གསོ་ཁ་ནས་བུད་དེ་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་ཆེད། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཁྱོན་རྒྱས་ཡུལ་ཚོས་མུ་མཐུད་དུ་རོང་འབྲོག་པར“དཔལ་འབྱོར་གྱི་རྩིས”དང་“སྐྱེ་ཁམས་ཀྱི་རྩིས” “དགུན་སྒྲོལ་གྱི་རྩིས”ལེགས་པོ་རྒྱག་པར་རོགས་རམ་བྱས་པར་མ་ཟད། བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་མང་ཚོགས་ཉེ་འགྲམ་གྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། བརྗོད་དོན་སློབ་གསོ་དེ་བྱ་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་སྔར་ལས་དོན་དངོས་དང་། སྔར་ལས་མང་ཚོགས་དང་འབྲེལ་མཐུད་བྱེད་པ། སྔར་ལས་མང་ཚོགས་ཀྱི་སེམས་སུ་འཇགས་ཐུབ་པར་བྱས།

“ང་ཚོ་ཡུལ་ཚོ་ཡིས་ཧུར་ཐག་གིས་འབྲེལ་མཐུད་དང་། གསོ་ཁ་ནས་བུད་པར་བྱ་དགའ་སྟེར་བ། ཕྱིར་འཚོང་སྡེ་ཚན་འཛུགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། གསོ་ཁ་ནས་བུད་པའི་ནོར་ལུག་ཕྱིར་འཚོང་སྟེགས་བུ་སྐྲུན་པ་དང་། ནོར་ལུག་ཕྱིར་འཚོང་གི་ཐབས་ལམ་རྒྱ་སྐྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་རམ་བྱས། ཕྱིར་འཚོང་སྡེ་ཚན་ཚོང་ཁང་གསར་བའི་ནང་ཉིན་རྒྱུན་སྒོར་མོ་ཁྲི་གཉིས་ཡས་མས་ཀྱི་ཤ་ཕྱིར་འཚོང་བྱས་པ་དང་། འདི་ནི་ཡུལ་ཚོ་ཡིས་ནོར་ལུག་གི་ཤ་ཕྱིར་འཚོང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཤིག་ཡིན་པ་དང་། ང་ཚོས་མུ་མཐུད་དུ་ནོར་ལུག་གསོ་ཁ་ནས་འབུད་པའི་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་ཅིན་ཡུང་ཆིན་གྱིས་དེ་ལྟར་བཤད།

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ལ་དོན་དངོས་ཀྱི་བྱ་བ་ཐེངས་ཉིས་བརྒྱ་དང་གོ་དྲུག་བསྒྲུབས་པ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།