—ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཅིག་རེད། སྤྱི་ཚོགས་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་མཁན་བྱས་ནས། མེས་རྒྱལ་གྱི་རི་བོ་སྔོ་ཞིང་དྭངས་ལ་དྭངས་ཤིང་གཙང་བའི་སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས།
མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལམ་བུའི་སྟེང་། མཚོ་སྔོན་གྱིས་གོང་ནས་འོག་བར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་བརྩི་སྲུང་བྱས་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཕྱུགས་ལས་སོགས་ནུས་ལྡན་ངང་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ཁྲིད་སྟོན་དུ་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སོགས་བསྐྲུན་པའི་འཕེལ་རིམ་ཁྲོད། སེམས་ནུས་གཅིག་སྒྲིལ་གྱིས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་པ་དང་། “སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཀྱི་ཆེད་དུ་ཡིན་པའི”བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་རིན་ཐང་འཚོལ་ཞིབ་དང་ཐབས་ལམ་བསྒྱུར་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་ཀྱི་དམིགས་འབེན་མཐུན་སྦྱོར་གཅིག་གྱུར་གྱི་ལག་ལེན་བཟང་བོ་སྒྲུབ་དགོས།
མཚོ་སྔོན་པོའི་རླབས་ཕྲེང་འཕྱོ་ཞིང་ཉ་མོའི་མཚོ་ནང་དུ་འཁྱུག་རྩལ་འགྲན་ལ། ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་ཞིང་། བྱ་རིགས་སྣ་ཚོགས་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་མཆིས། མཚོ་སྔོན་པོའི་ཆུ་གནས་མཐོ་རུ་ཕྱིན་པ་དང་རྩྭ་ཐང་གི་སྔོ་ཁེབས་ཚད་སླར་གསོ་བྱུང་ནས་སྔོ་ལྗང་ལྗང་དུ་གྱུར་ཡོད། ས་གནས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། བྱ་རིགས་འཚོ་སྡོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན་ནས་མཚོ་སྐོར་མང་ཚོགས་ལ་མུ་མཐུད་དུ སྐྱེ་ཁམས་ཀྱི་ཕན་འབྲས་ཐོབ་ཡོད།
2023ལོ་ནས་བཟུང་། མཚོ་སྐོར་ས་ཁུལ་དུ་དགའ་སྤྲོའི་བྱ་བ་རེ་རེ་བཞིན་བྱུང་།
“ད་ལྟ་ཏུང་ཏཱ་སྡེ་བའི90%ཡན་གྱི་སྡེ་མིས་རྫོང་མཁར་དུ་ཁང་པ་ཉོས་ཡོད།” མཚོ་སྔོན་པོའི་ཤར་འདབས་སུ་གནས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་དངུལ་ཐང་ཡུལ་ཚོ་ཏུང་ཏཱ་སྡེ་བ་ནི“དབུལ་ཕོངས་སྡེ་བ”ནས་རྫོང་ཡོངས་ཀྱི“གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་སྡེ་བར”གྱུར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིག་ཧྲིན་ཡུག་གིས་བཤད་རྒྱུར། ལོ་འདི་དག་གི་ནང་སྡེ་བའི་སྐྱེ་ཁམས་དང་ཐོན་ལས་གཉིས་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཁྱད་ལྡན་ཟས་རིགས་ཤ་མོ་འདེབས་འཛུགས་དང་། ནོར་ལུག་གསོ་སྤེལ། ས་ཞིང་ཚབ་གཉེར་འདེབས་འཛུགས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས། སྡེ་བའི་ཐུན་མོང་དཔལ་འབྱོར་ལོ་རེར་སྐས་རིམ་གསར་པ་རེར་སླེབས་པ་དང་། 2022ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་སྒོར་འབུམ་གསུམ་དང་ཁྲི་བདུན་སྟོང་བརྒྱད་ཟིན་པ་དང་། སྡེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་ཟིན་ཡོད་ཟེར།
“ང་ཚོའི་གནས་འདིའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱུང་བ་དང་། རྩྭའི་སྐྱེ་སྟོབས་ཧ་ཅང་བཟང་། ནོར་ལུག་ནི་ལྗང་མདོག་ནོར་ལུག་ཡིན་པས་རིན་གོང་མཐོན་པོར་བཙོང་ཐུབ།” མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཞིན་ཧེ་སྡེ་བས་ཉེ་བའི་ལོ་འགའི་རིང་སྐྱེ་ཁམས་གསོ་སྤེལ་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཁྲོམ་རའི་མདུན་ལྗོངས་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། སྐྱེ་ཁམས་ཕྱུགས་ལས་ལ་འགྱུར་ལྡོག་བཏང་བའི“ཕྱུགས་རའི་བདག་པོ”ཚེ་འབུམ་གྱིས་བཤད་རྒྱུར། ན་ནིང་ཁོའི་ཕྱུགས་ར་ནས་ལུག་260ལྷག་དང་ནོར58གསོ་ཁ་ནས་ཕྱིར་བཙོང་བྱས་པས། ལོ་དེའི་ཡོང་འབབ་རྐྱང་བ་སྒོར་འབུམ་དྲུག་དང་ཁྲི་གསུམ་ལྷག་ཙམ་བླངས། ན་ནིང་ད་དུང་སྲིད་གཞུང་གི་བྱ་དགའ་སྒོར་འབུམ་གཅིག་བྱིན་ཞེས་བཤད།
མཛེས་སྡུག་ལྡན་པའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་དང་བག་ཕེབས་དལ་བགྲོད་ཀྱི་ནོར་ལུག་གི་ཡུལ་སྐོར་དེ་ལས་རི་མོའི་ཁྲོད་དུ་སྐྱོད་བཞིན་པ་ལྟ་བུའི་ཚོར་སྣང་བྱུང་། མཚོ་སྔོན་པོའི་ལྷོ་ངོགས་སུ་གནས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཅང་ཤེས་ཁུག་གྲོང་རྡལ་རྨོག་རུ་སྡེ་བ་རུ། ཉེ་བའི་ལོ་འགའི་རིང་། ཐོན་ལས་གླིང་གི“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”བྱ་སྤྱོད་རྣམ་གྲངས་ལ་བརྟེན་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ལ་དམིགས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཡུལ་སྐོར་དང་སྡེ་མིའི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས། རྨོག་རུ་སྡེ་བའི་རུ་ཁག་བཅུ་བའི་ཁྱིམ་ཚང30ལྷག་ཙམ་གྱིས་གྲོང་གསེབ་ཡུལ་སྐོར་སྡོད་ཁང་དང་། འགྲུལ་ཁང་། ཁྱད་ལྡན་བཟའ་བཏུང་ཞབས་ཞུའི་ལས་རིགས་བཅས་གཉེར་གྱིན་ཡོད། སྡེ་མི་གཡང་འཛོམས་ཀྱིས་རང་ཉིད་ཀྱིས་གཉེར་སྐྱོང་བྱེད་པའི་ཁྱིམ་ཚང་མགྲོན་ཁང་ལ་ལོ་རེར་ཡོང་འབབ་སྒོར་འབུམ་གཅིག་ལྷག་ཙམ་ཡོད། སྡེ་བའི་ནང་ད་ལྟ་སྡེ་མི60ལྷག་ཙམ་གྱིས་ཐོན་ལས་གླིང་དུ་ལས་ཀ་ལས་ཀྱིན་ཡོད་པས་ཟླ་རེར་ཡོང་འབབ་སྒོར་སྟོང་ལྔ་དྲུག་ཙམ་ལེན་ཐུབ།
དེ་དང་ཆབས་ཅིག མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ། རྨོག་རུ་སྡེ་བའི་སྡེ་མིས་ཁྲོད་ཡུལ་སྐོར་ཁེ་ལས་ཀྱི་ལས་བཟོ་པར་གྱུར་བའི་མི80ལྷག་ཙམ་ཡོད། ཁོ་ཚོས་ད་ལྟ་མཚོ་གྲུ་སྐོར་བའི་ལས་གནས་དང་ཡང་ན་གཙང་སྦྲ་བྱེད་བཞིན་ཡོད། རྨོག་རུ་སྡེ་བའི་མཛེས་ལྗོངས་ཁུལ་དུ་ལོ་30ཡི་རིང་ལ་ཡུལ་སྐོར་མཚོ་གྲུ་སྐོར་བའི་ཡན་ལག་ཀུང་སིའི་ཧན་ཧྲིག་ལུང་གིས་ཡངས་ཤིང་རྒྱ་ཆེ་བའི་མཚེའུ་ཆེན་པོར་བལྟས་ནས་བཤད་རྒྱུར། “མཚོ་སྔོན་པོར་སྲུང་སྐྱོབ་བྱ་རྒྱུ་དེ་ང་ཚོའི་སེམས་ནང་བརྟན་པོ་ངེས་དགོས”ཟེར།
རང་རང་སོ་སོར་གནས་ཚད་མི་འདྲ་བ་དང་གཏམ་རྒྱུད་མི་འདྲ་བ་ཡོད་མོད། འོན་ཀྱང་མཚོ་སྔོན་པོའི་བར་སྟོང་ཆེན་པོ་འདི་རུ་སྡོད་པའི་ཁོ་ཚོར་མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་གྱི་གྲུ་གཟིངས་ཆེན་པོ་དེར་བསྡད་ནས། རང་སོ་སོའི་མཛེས་སྡུག་ལྡན་པའི་འཚོ་བ་དང་ཕུགས་འདུན་མངོན་འགྱུར་བྱེད་ཀྱིན་ཡོད།
མཚོ་སྔོན་པོའི་འབབ་རྒྱུད་དེ་ཞིང་ཆེན་ཡོངས་ཀྱི་མཚོ་ལྷོ་དང་། མཚོ་བྱང་། མཚོ་ནུབ་བཅས་ཁུལ་གསུམ་གྱི་གུང་ཧོ་དང་། རྐང་ཚ། ཧེ་ཡན། ཐེམ་ཆེན་བཅས་རྫོང་བཞི་དང་འབྲེལ་བ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་མཚེའུ་དང་། རྩྭ་ཐང་། ཆུ་བོ། རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་ལ་དོ་དམ་ཡག་པོ་བྱས་ནས། ཐོན་སྐྱེད་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཕན་ཚུན་འདེགས་སྐྱོར་དང་མཉམ་འདྲེས་མཉམ་གནས། ཕན་ཚུན་སྤེལ་ཟླ་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་འགན་འཁྲིའི་འདུ་ཤེས་དང་འགན་འཁུར་བའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་ཐུབ་པ། མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ཕྱོགས་གཅིག་ནས། ཚན་རྩལ་རོགས་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས། སྐྱེ་ཁམས་ཁ་གསབ་ལམ་སྲོལ། རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་བྱ་སྤྱོད། རྩྭ་ཐང་འཛུགས་སྐྲུན་རྣམ་གྲངས། གློག་ཐབ་དམངས་ཕན་རྣམ་གྲངས་སོགས་ལག་བསྟར་བྱས་པ་བརྒྱུད། ལྗང་མདོག་འཕེལ་རྒྱས་དང་འཚམ་པའི་འཚོ་བ་དང་ཐོན་སྐྱེད་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཆགས་པར་བྱེད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་བརྒྱུད་རིམ་ཁྲོད། སྲིད་གཞུང་དང་ཁེ་ལས། མང་ཚོགས་བཅས་ཕྱོགས་གསུམ་པོས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ཁེ་ཕན་དང་འབྲེལ་བ་ཡོད་མཁན་གྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ནས། སྲིད་གཞུང་གི་བློ་ཡིད་ཚིམ་པོ་དང་ཁེ་ལས་འཕེལ་རྒྱས། མང་ཚོགས་ལ་ཕན་པ་ཐོབ་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཕྱོགས་གཞན་ཞིག་ནས། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཀྱི་བྱེད་པོའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་གསར་དུ་བསྐྲུན་ཏེ་བཙུགས་ནས་ཁེ་ལས་ཁྲོད་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད། མཚོ་སྐོར་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་ཟབ་དང་གསོ་སྦྱོང་ལ་ཤུགས་བསྣན་ནས་མཚོ་སྐོར་གྱི་ཡུལ་ཚོ་དང་སྡེ་བའི་ཡུལ་སྐོར་གསོ་སྦྱོང་འཛིན་གྲྭ་གཉེར་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མཚོ་སྐོར་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཚོ་སྐོར་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་རག་པར་བྱས་ཡོད།
ལོ་ངོ་བཅུ་ལྷག་ཙམ་གྱི་རིང་ལ། མཚོ་སྔོན་པོའི་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ནང་ཐད་ཀར་རམ་ཡང་ན་བར་བརྒྱུད་ངང་ཞུགས་པའི་མཚོ་སྐོར་མང་ཚོགས་ཁྲི་གཉིས་ཙམ་ཟིན་པ་དང་། མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་མཉམ་བཅོས་མཉམ་སྤྱོད་ཁྲོད་རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དང་། ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཡོད།
རྐང་ཚ་རྫོང་ནི་མཚོ་སྐོར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྫོང་ཞིག་ཡིན་ལ། ཞིང་ཆེན་རིམ་པའི་གཙོ་གནད་ཕྱུགས་ལས་རྫོང་གི་གྲས་ཤིག་ཀྱང་ཡིན། རྫོང་ཡོངས་ཀྱིས་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནས་འགོ་བཙུགས་ཏེ། སྐྱེ་ཁམས་འདུ་ཤེས་དང་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ལ་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་བཏང་ནས། “གད་སྙིགས་དོན་འཁྱོལ་མི་བྱེད་པ་དང་། སྒོ་ཐོན་མ་ཐག་རིགས་དབྱེ་བ”སོགས་ལྗང་མདོག་འཚོ་བའི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་བཏོད་ནས་མཚོ་སྐོར་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་མུ་མཐུད་དུ་སྲུང་སྐྱོབ་བྱས་ཡོད། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་དང་། གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན། རྫས་ལུད་དང་ཞིང་སྨན་ཉུང་གཏོང་སོགས་ཀྱི་རིམ་པ་ནས་འགོ་བཙུགས་ཏེ། ཕྱུགས་ལས་དེ་རགས་ལས་ཐོན་སྐྱེད་ནས་ཕན་འབྲས་ཆེ་བའི་གསོ་སྤེལ་བར་འགྱུར་ལྡོག་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཕྱུགས་ལས་མ་ལག་བསྐྲུན་རྒྱུ་རེད། རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ས་ཁུལ་གསར་སྐྲུན་ལེགས་འགྲུབ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཕན་འབྲས་ཐོན་ཡོད།
རི་ཆུ་བཟང་པོས་འཚོ་བ་བཟང་པོ་བསྐྲུན་ཐུབ།
རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་མྱོང་བའི་སྡེ་བ་ཞིག་རེད། “ད་ལྟ་སྡེ་བའི་ནང་དུ་ནོར་ལུག་གསོ་སྤེལ་དང་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་ཆེན་པོ་གཉིས་འཕེལ་རྒྱས་བཏང་ཡོད། 2021ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་འབུམ་བཞི་ཙམ་ཟིན་པ་དང་། སྡེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་བཞི་བརྒྱ་དོན་དྲུག་ཟིན་ཡོད།” སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་མཚམས་སྦྱོར་བྱས་པ་ལྟར་ན། “2022ལོར་སྡེ་བའི་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་6བཙུགས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱང་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། སྡེ་མི་ཚོ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཤེས་བྱ་སྡེ་ཁུལ་དུ་སྤེལ་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས། རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་མཐོར་སོང་ཡོད”ཟེར།
འདུ་ཤེས་འགྱུར་ལྡོག་ལ་བརྟེན་ནས་སྐྱེ་ཁམས་ཀྱི་འགྱུར་ལྡོག་ལ་སྣེ་ཁྲིད་དང་། བཅོས་སྐྱོང་གི་འགྱུར་ལྡོག་ལ་བརྟེན་ནས་སྐྱེ་ཁམས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད། ཐོན་ལས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་སྐྱེ་ཁམས་ཀྱི་འགྱུར་ལྡོག་ཇེ་བརྟན་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་འགྱུར་ལྡོག་ཁྲོད་དམངས་ཚིས་ཐོན་ལས་ལ་སྐུལ་འདེད་གཏོང་དགོས། འདི་ནི་རྐང་ཚ་འཕེལ་རྒྱས་ཀྱི་ཉམས་མྱོང་ཡིན་ལ་མཚོ་སྐོར་འབབ་རྒྱུད་ཀྱི་ཁུལ་གསུམ་དང་རྫོང་བཞིས་ཐུན་མོང་ཐོག་ལག་ལེན་བྱས་པ་ཞིག་ཀྱང་རེད།
ལོ་ཟླའི་འགྲོས་དང་བསྟུན་ནས་འབད་འཐབ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་མང་གྲུབ་འབྲས་ཆེན་པོ་བརྩོན་ལེན་བྱེད། རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལམ་བུའི་ཐོག་བསྐྱོད་ནས། སྔར་ལས་དགེ་མཚན་ལྡན་པའི་བྱ་སྤྱོད་ཐོག་ནས་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་སྟེ། དངོས་ཕན་ཐོབ་པ་དང་གཉིས་ཕན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་སྒང་གི་མཚེའུ་ཆེན་པོའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་མུ་མཐུད་དུ་འབྲི་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།