མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་ཏང་གི་ཆེད་དོན་སློབ་ཁྲིད་བྱས།
2023.11.27 ཁུངས། མཚོ་ལྷོའི་ཚགས་པར།་ ཀློག་གྲངས། 6

 ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ལ་བརྟེན་ནས་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་དང་འབད་འབུངས་ཡར་བརྩོན་བྱས་ཏེ།  བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ནུས་སུ་འགྱུར་བའི་བརྗོད་དོན་དུ་བཟུང་སྟེ། ཏང་གི་བརྗོད་དོན་སློབ་གསོའི་ཆེད་དོན་སློབ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ།  ལག་ལེན་ལ་མཐོང་ཆེན་བྱེད་པ།  བྱས་རྗེས་གསར་བ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བསམ་བློར་བཅིངས་འགྲོལ་གཏོང་བ་རྒྱུན་འཁྱོངས་དང་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་དངོས་སྒྲུབ་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་དང་མཚོ་ལྷོའི་ལེའུ་རྩོམ་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་པའི་ཚན་གཙོ་ཀྲང་ཀྲུའུ་ཆིན་དང་ཚན་གཙོ་གཞོན་པ་སུན་ལི་ཅུན། དེ་མིན་འབྲེལ་ཡོད་ཁོངས་མི་སློབ་ཁྲིད་ལ་ཞུགས་ཏེ་མཛུབ་སྟོན་བྱས་པ་རེད།

ཀརྨ་ཕུན་ཚོགས་ཀྱིས་བཤད་རྒྱུར། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་ཡིན་པས་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ཏང་ནང་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་ནན་མོ་བྱེད་པ།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།  བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གཏན་འཁེལ་གཉིས་དང་སྲུང་སྐྱོང་གཉིས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འགན་འཁྲི་བརྟན་པོ་འཁུར་བ་དང་། རྩ་འཛུགས་དང་འཆར་འགོད་ཞིབ་ཚགས་བྱེད་པ། སློབ་སྦྱོང་ལ་མཐོང་ཆེན་དང་བརྟག་ཞིབ་གཙོ་བོར་འཛིན་པ། ཞིབ་བཤེར་ལ་མཐོང་ཆེན་དང་སྤྱོད་ཚུལ་གཙོ་བོར་འཛིན་པ། ལག་ལེན་ལ་མཐོང་ཆེན་དང་དོན་འཁྱོལ་གཙོ་བོར་འཛིན་པ། བརྗོད་དོན་སློབ་གསོ་གཙོ་བོར་འཛིན་པ། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བའི་སྤྱོད་སྟངས་དངོས་སུ་འགྱུར་བར་བྱེད་དགོས་ཟེར།

ཀརྨ་ཕུན་ཚོགས་ཀྱིས་བཤད་རྒྱུར། འཕེལ་རྒྱས་ཡོད་ཚད་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལས་མངོན་འགྱུར་ཡོང་བའི་དོན་སྙིང་ལྡན་པ་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་དང་།  མཚེའུ་རྩྭ་ཐང་། བྱེ་ཐང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཙང་པོ་དང་ཆུ་བོའི་འབབ་རྒྱུད། དྭངས་གཙང་མཚོ་ལྷོའི་རྩི་ཤིང་དང་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཤིང་།  ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ།  གཞི་གྲངས་ཆེན་མོའི་ཐོན་ལས་བཅས་མཉམ་འདྲེས་ཡོང་བར་སྐུལ་ཁྲིད་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནས་བཞི་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགོ་རྩོམ་པར་སྐུལ་འདེད་གཏོང་བ་དང་། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་པར་འབད་བརྩོན་བྱེད་དགོས་ལ།   མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ། མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་དམངས་ཚིས་ཞན་ཆ་ཁ་གསབ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་དམངས་ཚིས་བྱ་བ་ཡག་པོར་སྒྲུབ་ནས།   མང་ཚོགས་ཀྱི་ཡིད་ཚིམ་པར་བྱེད་དགོས་ཟེར།

ཀརྨ་ཕུན་ཚོགས་ཀྱིས་བཤད་རྒྱུར། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་ཚད་གཞི་སྔར་ལས་མཐོ་བ། ཏང་གཤིས་ཀྱི་བླང་བྱ་སྔར་ལས་མཐོ་བ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་སྔར་ལས་དམ་པ།  མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མི་དམངས་འདོད་བློ་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།