མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད་དེ། འབྲུ་རྡོག་འབྲུ་མཛོད་དུ་བཅུག་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ཀྱི"འབྲུ་མཛོད"བརྟན་པོར་སྐྲུན་དགོས།
2023.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཞིང་ལས་དང་ཞིང་སྡེ་པུའུ་ཡི་ཞིང་ལས་གནས་ཚུལ་གསར་བ་བཀོད་གཏོང་བྱས་པ་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྟོན་ཀའི་འབྲུ་རིགས་ཚུར་བསྡུ་བའི་ཚད་བརྒྱ་ཆའི 96.2ལ་སླེབས་པ་དང་། གཞི་རྩའི་ཆ་ནས་ལོ་ལེགས་བྱུང་སྟེ་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་སླར་ཡང་ཟིན་ཐོ་གསར་པ་གཏོད་ཐུབ་པའི་རེ་བ་ཡོད།

འབྲུ་མཛོད་འབྲུ་ཡིས་བཀང་ན། ། གནམ་འོག་བདེ་ལ་འགོད་ཐུབ། འབྲུ་རིགས་བདེ་འཇགས་ནི་མི་གྲངས་དུང་ཕྱུར་བཅུ་བཞིའི་ལྟོ་གོས་དང་འབྲེལ་བ་ཡོད་པའི་དམངས་ཚིས་ཇུས་ཆེན་ཞིག་དང་ཏང་དང་སྲིད་གཞུང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་དོན་ཆེན་ཡིན་པས། ཐབས་བརྒྱ་ཇུས་སྟོང་གིས་འབྲུ་རིགས་ཀྱི་ཐོན་འབབ་ལེགས་ཤིང་ལོ་ལེགས་ཡོང་བར་ཁག་ཐེག་བྱེད་པ་དེ་ནི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་དང་། དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཀྱི་འགན་སྲུང་གལ་ཆེན་ཞིག་རེད། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་ལོ་བཅུ་དགུར་བསྟུད་མར་ལོ་ལེགས་བྱུང་བའི་རྨང་གཞིའི་སྟེང་། འབྲུ་རྡོག་འབྲུ་མཛོད་དུ་འཇུག་པར་འགན་སྲུང་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི"འབྲུ་མཛོད"བརྟན་པོར་སྲུང་ནས་ཀྲུང་གོའི་མིའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་སྔར་ལས་ཁག་ཐེག་བྱེད་དགོས།

འབྲུ་རྡོག་རེ་རེ་དཀའ་སྤྱད་ལས་བྱུང་བ་དང་། ལོ་ལེགས་ནི་ལས་སླ་མོར་བྱུང་བ་ཞིག་མ་རེད།  འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ལ་མཐོང་ཆེན་བྱེད་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། རྨོ་ཞིང་གི་སྤུས་ཚད་ནི་འབྲུ་རིགས་ཐོན་ཚད་དང་འབྲེལ་བ་ཡོད་ཅིང་། ད་ལོ་ནས་བཟུང་ས་ཁུལ་སོ་སོས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཇེ་དྲག་ཏུ་བཏང་སྟེ། ས་ཞིང་མུའུ་སྟོང་བཞི་དང་ལྔ་བརྒྱ་དང་ས་ཞིང་མུའུ་སྟོང་གསུམ་དང་ལྔ་བརྒྱའི་ལོ་རེའི་ལས་འགན་བཅོས་སྒྱུར་མཐོར་འདེགས་གཏོང་བར་དམིགས་ཏེ། འབྲུ་རིགས་ཐོན་ཚད་མཐོན་པོ་དང་ཐོན་སྐྱེད་བརྟན་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། སྟོན་འབྲུ་ཡིས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཀྱི་མང་ཤོས་བཟུང་བ་དང་། ད་ལོར་སྟོན་འབྲུ་འདེབས་ཁྱོན་བསྟུད་མར་ལོ་བཞིའི་རིང་འཕར་ནས་སྔོན་དཔག་བྱས་ན་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་ཟིན་པ་དང་། དེ་ན་ནིང་ལས་མུའུ་བདུན་བརྒྱ་ལྷག་གིས་ཇེ་མང་དུ་སོང་ཡོད་པ་རེད། དེའི་ནང་ཐོན་ཚད་མཐོན་པོའི་མ་རྨོས་ལོ་ཏོག་གི་རྒྱ་ཁྱོན་སྔོན་དཔག་བྱས་ན་མུའུ་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་འཕར་བ་དང་སྲན་ཆེན་གྱི་རྒྱ་ཁྱོན་བསྟུད་མར་ལོ་གཉིས་ཀྱི་རིང་ལ་མུའུ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཡན་ཡོད་པ་རེད། བྱས་པའི་ལས་ལ་འབྲས་བུ་ཡོད་པར་བྱས་ནས་ཤུགས་ཡོད་ཚད་ཀྱིས་རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་དང་། འབྲུ་རིགས་ས་ཞིང་དུ་ཉར་རྒྱུ་དོན་འཁྱོལ་ནུས་ལྡན་བྱས་ཏེ། འབྲུ་རིགས་བརྟན་འཇགས་སྒོས་ཐོན་སྐྱེད་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་ལག་བསྟར་བྱེད་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་ཉར་ཚགས་བྱ་རྒྱུ་ལག་ལེན་མཐར་ཕྱིན་བྱེད་དགོས། ད་ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་བསྟུད་མར་མ་དངུལ་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་བཏང་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞིང་བའི་སློབ་གསོ་གསོ་སྦྱོང་བྱེད་སྒོ་སྤེལ་ཡོད། འབྲེལ་ཡོད་སྡེ་ཁག་གིས་འབྲུ་སྣུམ་སྐྱེ་དངོས་གཞི་ཁྱོན་ཆེན་པོའི་སྒོ་ནས་ཐོན་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། གཙོ་ཁྲིད་སྣ་ཁ་བརྒྱ་དང་ང་བརྒྱད་དང་གཙོ་བོར་སྐུལ་འདེད་གཏོང་བའི་ལག་རྩལ་བརྒྱ་དང་རེ་བཞི་ཁྱབ་བསྒྲགས་བྱས་པ་རེད། གཙོ་བོ་མ་རྨོས་ལོ་ཏོག་གི་རྫོང་ཆེ་གྲས་ཉིས་བརྒྱ་དང་སྲན་ཆེན་གྱི་རྫོང་ཆེ་གྲས་བརྒྱ་ཡི་སྒྲིག་གཞི་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཐོན་ཚད་མཐོར་འདེགས་བཏང་ཞིང་། རྨོ་འདེབས་དོ་དམ་བསྡུ་ལེན་དང་། ཞིང་འདེབས་ལུད་སྨན་སོགས་གོ་རིམ་ཧྲིལ་བོར་ཕྱོགས་བསྡུས་ཇུས་འདོན་བྱས་ནས་མུ་མཐུད་དུ་དངོས་བཀོལ་དེང་རབས་ཞིང་ལས་ཚན་རྩལ་མུ་མཐུད་དུ་ཁྱབ་གདལ་གཏོང་དགོས་པ་དང་། གཞི་ཁྱོན་ཆེན་པོས་ཐོན་ཚད་མཐོར་འདེགས་གཏོང་བ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས་ཤིང་། ཆེས་ཐོག་མའི་སྡོམ་རྩིས་ལྟར་ན། གཙོ་གནད་རྫོང་སུམ་བརྒྱ་ཡི་ཐོན་ཚད་མཐོར་འདེགས་གཏོང་བ་དེ་ཡིས་འབྲུ་རིགས་ལོ་ལེགས་འབྱུང་བར་བྱས་རྗེས་འཇོག་ཚད73%ལ་སླེབས་ཡོད་པ་རེད། ཞིང་ལས་ཚན་རྩལ་དེང་རབས་ཅན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་ན། སྔོན་ཐོན་གྱི་ལག་རྩལ་དེ་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་ཞིང་བའི་ཡོང་སྒོ་འཕར་སྣོན་གཏོང་བར་སྣེ་ཁྲིད་དང་། ཞིང་བས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་མཐོར་འདེགས་བཏང་སྟེ། འབྲུ་རིགས་ཐོན་ལས་ཀྱི་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བར་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

རྗེས་མར་ལོ་ལེགས་འབྱུང་བར་སྟོན་དགུན་གཉིས་ནི་རྨོ་འདེབས་བྱེད་པའི་དུས་སྐབས་ལེགས་ཤོས་ཡིན། ས་གནས་སོ་སོས་ཧུར་ཐག་གིས་ས་ཞིང་ལེགས་སྒྲིག་དང་། ལུད་འཇོག་སོན་འདེབས།་རེ་བ་གསར་བས་གཏམས་པར་བྱེད་དགོས། གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་བཅུའི་བར་དུ། རྒྱལ་ཡོངས་ཀྱི་དགུན་གྲོའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་བཅུ་ཆའི་དགུ་ཡོངས་འགྲུབ་བྱས་པ་དང་། རྒྱལ་ཡོངས་ཀྱི་དགུན་ཁའི་ལོག་དཀར་འདེབས་འཛུགས་ཀྱི་རྒྱ་ཁྱོན་བཅུ་ཆའི་དགུ་དང་ཕྱེད་ཀ་ཡོངས་འགྲུབ་བྱས་ཡོད་པ་རེད། སྟོན་དགུན་གཉིས་ལའང་ས་ཞིང་ལྷག་མ་མེད་པ་དོན་འཁྱོལ་བྱས་ནས་ས་ཞིང་བེད་སྤྱོད་བྱེད་ཚད་ཇེ་མཐོར་བཏང་བ་དང་། དུས་ཚིགས་བཞི་བོར་ཡོང་སྒོ་བརྟན་འཇགས་སྒོས་འཕར་བ་མངོན་འགྱུར་བྱས་ནས་གྲོང་གསེབ་དར་སྤེལ་གྱི་རི་མོ་གསར་བ་འབྲི་བཞེངས་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ཁྱོན་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད། རིམ་པ་སོ་སོའི་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ནི་ཐོག་མཐའ་བར་གསུམ་དུ"རྒྱལ་ཁབ་ཀྱི་དོན་ཆེན"ཞིག་ཡིན་པ་དང་། བདེ་སྡོད་ཉེན་བསམ་བྱ་དགོས་པ་ལས་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་ངེས་པར་དུ་རིག་པ་དྭངས་གསལ་གྱིས་ཤེས་དགོས། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་འབྲེལ་ཡོད་ལས་ཁུངས་སོ་སོས་ངེས་པར་དུ་གཏིང་ཟབ་པ་དང་། ཞིབ་མོ། དོན་དངོས། ཡུན་རིང་ལ་བརྩོན་པ་སྐྱེད་དགོས།

དཔྱིད་ཀྱི་དཔལ་ཡོན་སྟོན་གྱི་འབྲས་བུ་ཡིས། ། རྨོ་འདེབས་ལས་ཀ་སྟོང་ཟད་གཏོང་མི་བྱ། ། ཐོན་འབོར་ཐོན་ནུས་དང་། གྲངས་འབོར་སྤུས་ཚད། ཐོན་སྐྱེད་སྐྱེ་ཁམས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ལས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་ཤུགས་དང་བརྟན་འཇགས་རང་བཞིན་ལ་འགན་སྲུང་བྱས་ན། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དེ་རིམ་པ་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།