སློབ་གསོར་ཇུས་འགོད་དང་སྒྲིག་འཛུགས་དོན་འཁྱོལ་ཡག་པོ་བྱེད་དགོས།
2023.12.04 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ། །

“བརྗོད་དོན་སློབ་གསོ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་ལ། དུས་ཡུན་ཐུང་བ་དང་ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡོད”ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུ་སྟེང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བོ་བཏོན་ཡོད་པ་མ་ཟད། “རིམ་སོ་སོའི་ཏང་ཨུ་ཡིས་འགན་འཁྲི་ཁུར་གཙོ་བོ་ཁུར་ནས་བརྗོད་དོན་སློབ་གསོར་ཇུས་འགོད་ཡག་པོ་དང་སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས”པ་ནན་བཤད་གནང་ཡོད།

བརྗོད་དོན་སློབ་གསོ་སྤེལ་བའི་རིང་ལ་རིམ་པ་སོའི་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་སྲིང་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཆེན་པོ་བཏང་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་པ། ཉམས་མྱོང་གསར་པར་ཕྱོགས་སྡོམ་བཅས་བྱེད་དགོས། གནད་དོན་དག་ཐེར་བརྗོད་དོན་སློབ་གསོའི་མགོ་ནས་མཇུག་བར་ཁྱབ་པར་བྱས་ཏེ། གནད་དོན་ལ་ཐད་ཀར་ཕྱོགས་པ་དང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ། གནད་དོན་ལ་དམིགས་ནས་དག་ཐེར་བཅས་བྱེད་དགོས། སེམས་རྣལ་དུ་ཕབ་ནས་དངོས་འཛིན་དངོས་སྒྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ། སྒོ་ཕྱེ་ནས་སློབ་གསོ་རྒྱུན་འཁྱོངས་སྤེལ་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་ཕན་པ་དངོས་འཐོབ་པར་ཤུགས་སྣོན་རྒྱག་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་། འགྱུར་མེད་ཀྱི་བློ་སྟོབས། ཐུན་སྦྱོར་གྱི་བྱ་སྤྱོད། འཐབ་ནུས་སྟོབས་ཆེན་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

                                                     རྩོམ་སྒྲིག་པ། གཡང་འབུམ་རྒྱལ།