ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ཐོག་གསུང་བཤད་གལ་ཆེན་གནང་།
2023.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉེ་ལམ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་བཅུ་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་གཙོ་སྐྱོང་གནང་སྐབས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་འཕྲལ་དུ་བསྒྲུབ་དགོས་པའི་ལས་འགན་ཞིག་ཡིན། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ཡག་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་བླང་བྱ་དང་འཚམ་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་ཐོག་ཡར་འཕེལ་ཡོང་བར་ནུས་ལྡན་གྱི་ཁྲིམས་སྐྱོང་ཆ་རྐྱེན་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཞེས་ནན་བཤད་གནང་།

ཝུའུ་ཧན་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བློ་མཐུན་ཧོང་ཧུའེ་ཁང་གིས་གནད་དོན་དེའི་ཐད་འགྲེལ་བཤད་གནང་བ་དང་ལས་དོན་གྱི་གྲོས་འགོ་བཏོན།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། བཅའ་ཁྲིམས་ནི་སྤྱི་ཚོགས་ཀྱི་འཚོ་བ་དང་རྒྱལ་ཁབ་སྐྱོང་བའི་ཚད་གཞི་ཞིག་ཡིན་པ་དང་།  ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལམ་ལུགས་ནི་རྒྱལ་ཁབ་ཁྲིམས་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།   ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གི་རྨང་གཞི་ཞིག་ཀྱང་ཡིན་པས།  རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་པོ།  ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  སྔར་ལས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་རྒྱལ་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་འབྲེལ་བ་ཡོད་པ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ཡར་ཐོན་ལ་སྐུལ་འདེད་གཏོང་བ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཡིན་པས།   ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་སྟེང་བསྐྱོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ནི་ཁྱབ་རྒྱ་ཆེ་ཞིང་མཉམ་འགུལ་རང་བཞིན་ཆེ་བའི་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཞིག་ཡིན་པས།  ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག  སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱེད་པ་དང་།   རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བཅས་བྱས་ཏེ།   ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་། བཅའ་ཁྲིམས་ཞབས་ཞུ་བཅས་ལ་སྐུལ་འདེད་གཏོང་བ་དང་།  ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ཆེན་པོའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས། ཁྲིམས་འཛུགས་སྔོན་ལ་སྒྲུབ་པ་དང་།  གསར་འཛུགས་དང་། བཟོ་བཅོས་བྱེད་པ།  མེད་པར་བཟོ་བ། གསལ་འགྲེལ་བྱེད་པ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། རྒྱུད་ཁོངས་ཆ་ཚང་བའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གྲུབ་པར་བྱེད་དགོས། མཐུན་སྦྱོར་ལས་ཕྱོད་མཐོ་བའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལག་བསྟར་མ་ལག་འཛུགས་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་འདྲི་གཅོད་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་འཕེལ་རྒྱས་ཆེན་པོ་གཏོང་དགོས་པ་དང་། རྒྱལ་སྤྱིའི་རྩེར་སོན་གྱི་ཁྲུན་གཅོད་ལས་ཁུངས་དང་ཁྲིམས་རོགས་པའི་ལས་གཉེར་ཁང་སྐོར་ཞིག་གསར་འཛུགས་བྱེད་དགོས། ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། གཞུང་ཚབ་དོན་གཅོད་སྲུང་སྐྱོང་དང་གཞོགས་འདེགས་ལ་ཤུགས་སྣོན་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་བདེ་འཇགས་སྦྲེལ་ཐག་ཅིག་འཛུགས་དགོས།  ཁྲིམས་དང་མཐུན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།   རང་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས“ཕྱིར་བསྐྱོད་པའི”བརྒྱུད་རིམ་ཁྲོད་རང་འགུལ་ངང་ས་གནས་དེ་གའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་དང་།  ཁྲིམས་སྐྱོང་དང་སྒྲིག་སྲོལ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། རང་འགུལ་ངང་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་ནང་ཞུགས་ཏེ་རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཁྲིམས་བཟང་ལ་བརྟེན་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རོགས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ཁྲིམས་སྐྱོང་དེ་སྒོ་འབྱེད་དང་མཉམ་དུ་སྤེལ་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྔར་ལས་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱེད་དགོས། ཁྲིམས་སྐྱོང་གི་རྨང་གཞིའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་ཁྲིམས་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཤིག་ཡིན་པས།  ཕྱི་གསལ་ནང་གསལ་གྱི་ཕྱི་འབྲེལ་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་པ། ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྒྲིག་སྲོལ་རིགས་གཉིས་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ཏེ།  ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་དགོས། རང་འགུལ་ངང་སྦྲེལ་མཐུད་དང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་བསྡུ་ལེན་ཧུར་ཐག་བྱེད་པ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་རྐྱེན་སྲོལ་གསར་པ་འཛུགས་དགོས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་དཔེ་བལྟས་ཏེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སོགས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཐབས་ནུས་ལྡན་དང་བྱང་ཆུབ་པའི་ཉམས་མྱོང་དུས་ཐོག་ཏུ་བཅའ་ཁྲིམས་སུ་བསྒྱུར་ཏེ།  སྒོ་འབྱེད་བར་སྟོང་སྔར་ལས་ཆེ་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པ། ཁྱབ་འགྱེད་ནུས་པ་སྔར་ལས་མཐོ་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས།  སྒོ་འབྱེད་ཀྱི་བདེ་འཇགས་ནུས་པར་ཁྲིམས་ལྟར་སྲུང་སྐྱོབ་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་པ་ཀྲུང་གོར་འཚོ་བ་སྐྱེལ་བའི་སྟབས་བདེའི་ཞབས་ཞུ་བྱེད་ཐབས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་དང་།  ཀུན་སྤྱོད་དང་བཅའ་ཁྲིམས་གལ་ཆེ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས། རིག་ཚན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལུགས་རིག་པའི་སློབ་གསོ་ལེགས་པོར་གཉེར་བ། ལག་ལེན་ཁྲིད་ཕྱོགས་སུ་འཛིན་པའི་གསོ་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་བ། རྒྱལ་སྤྱིའི་སྒྲིག་སྲོལ་ཁོང་དུ་ཆུད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ལས་དོན་བྱང་ཆུབ་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་ཁག་ཅིག་སྔ་མོ་ནས་གསོ་སྐྱོང་བྱེད་དགོས། ཤེས་ལྡན་མི་སྣ་ནང་འདྲེན་དང་། གདམ་གསེས། བཀོལ་སྤྱོད། དོ་དམ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་དང་གསོག་འཇོག་ཡག་པོ་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་བྱེད་པའི་དཔུང་ཁག་གི་ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་བྱ་བའི་དཔུང་ཁག་ཅིག་བསྐྲུན་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་འཇོག་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་བེད་སྤྱོད་བཅས་བྱས་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་ཏན་ཏིག་གིས་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ཁྲིམས་སྐྱོང་གི་བློ་སྤོབས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འདུ་ཤེས་དང་། འདོད་བློ་དང་ལེགས་གྲུབ་ལག་ལེན་ལ་གསལ་འགྲེལ་ཡག་པོ་བྱས་ནས།  དུས་རབས་གསར་པའི་ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོར་བརྗོད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གཞུང་ལུགས་དང་ལག་ལེན་མདུན་གྲལ་གྱི་ཞིབ་འཇུག་བྱ་གཞིར་ཤུགས་སྣོན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་མ་ལག་དང་གཏམ་བཤད་མ་ལག་བཙུགས་ཏེ། རང་རྒྱལ་གྱི་ཁྲིམས་སྐྱོང་རྒྱལ་ཁབ་ཆེན་པོ་དང་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱེད་དགོས།  ཀྲུང་ཧྭའི་བཅའ་ཁྲིམས་མ་ལག་ལ་ཡུན་རིང་གི་ལོ་རྒྱུས་ལྡན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ལ་ཁྲིམས་སྐྱོང་བསམ་བློ་ཕུན་སུམ་ཚོགས་པོ་དང་ཆབ་སྲིད་ཀྱི་བློ་གྲོས་ཟབ་མོ་ལྡན་ཡོད་པས། ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་ཞིང་།  ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཁྲིམས་སྐྱོང་ དཔལ་ཡོན་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཡོང་བ་བྱེད་དགོས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།