ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་ཉེར་གསུམ་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ《རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་བྱ་རྒྱུར་དམ་འཛིན་བྱེད་དགོས》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་།རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཡོང་བར་བྱེད་དགོས།
འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་བྱེད་པའི་སྲོག་རྩ་ལྟ་བུ་ཡིན། ང་ཚོའི་ཏང་གིས་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བྱེད་ཐབས་ནན་མོ་རབ་དང་རིམ་པ་བཏོན་པ་དང་རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ཡོད་ཅིང་། རྨོ་ཞིང་གི་སྤྱིའི་གཞི་ཁྱོན་རྒྱུད་མཐུད་ཆག་པའི་རྣམ་པ་ཐོག་མའི་ཆ་ནས་བཀག་འགོག་ཐུབ་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་མི་གྲངས་མང་ལ་ས་ཆ་ཉུང་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། རྨོ་ཞིང་“ཞིང་མིན་ཅན”དང་“འབྲུ་རིགས་མི་འདེབས་པའི”གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ། རྨོ་ཞིང་གི་དམར་ཐིག་སྲུང་བའི་རྨང་གཞི་ད་དུང་མི་འདང་བ།ས་ཞིང་ཆུ་བེད་ཐད་ད་དུང་དངུལ་མང་པོ་ཆད་ཡོད་པ་སོགས་ཀྱི་གནད་དོན་ཐད་ངོས་འཛིན་གསལ་བོ་ཡོང་བ་བྱེད་དགོས།དུས་རབས་གསར་བའི་རྒྱང་སྐྱོད་ལམ་བུ་གསར་བའི་སྟེང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་ཇེ་ཡང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་སྔར་ལས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད་ཅེས་ནན་སྟོན་གནང་ཡོད།།
རྩོམ་ཡིག་ནང་ད་དུང་རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པའི་པའི་སྤྱིའི་རིག་ལམ་དང་གནད་འགག་གི་བྱེད་ཐབས་བཏོན་ཡོད། རྩོམ་ཡིག་ནང་། རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཅིག་ཡིན་ཞིང་།མིག་སྔའི་ཆར། སྤུས་ཚད་དང་འབོར་ཚད་གཉིས་ཀ་གཙོ་བོར་འཛིན་པ་དང་། ཁྲིམས་ལག་བསྟར་ནན་མོ་བྱེད་པ། མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རྒྱུད་མཐུད་བེད་སྤྱོད་བྱེད་པ་སོགས་ཀྱི་བླང་བྱ་གལ་ཆེན་དམ་འཛིན་མངོན་གསལ་དོད་པོ་ཡོང་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དང་། རྨོ་ཞིང་གི་སྲོག་རྩར་བརྟན་སྲུང་ཡག་པོ་བྱེད་པར་འགག་རྩའི་བྱ་ཐབས་ཁག་གཅིག་ངེས་པར་དུ་འཛིན་དགོས།དེ་ཡང་གཅིག་ནས་རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་མོར་གཏོང་དགོས། རེས་སྐོར་གསར་པའི་རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་འཆར་འགོད་ནང་ས་གནས་ཁག་གི་རྨོ་ཞིང་དང་ཡུན་རིང་གཞི་རྩའི་ཞིང་ས་སྲུང་སྐྱོབ་ཀྱི་ལས་འགན་གཏན་འཁེལ་གསལ་བོ་བྱས་ཡོད་པར་མ་ཟད་དོན་འཁྱོལ་ཐུབ་པ་བྱས་ཡོད། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་སྟེང་དུ་ནན་མོར་འཁུར་ནས་རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་དམར་ཐིག་ལས་གཏན་ནས་མི་བརྒལ་བར་འགན་ལེན་ནན་ཏིག་བྱེད་དགོས། གཉིས་ནས་རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། ཡུན་རིང་གཞི་རྩའི་ཞིང་ས་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་དྲུག་གི་རྨོ་འདེབས་ལ་འཚམ་པ་དང་། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་ཚད་མཐོན་པོ་དང་ཐོན་སྐྱེད་བརྟན་པའི་དེང་རབས་ཅན་གྱི་ས་ཞིང་གཤིན་པོར་དངོས་སུ་འགྱུར་བར་བྱེད་དགོས། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོབ་བཅའ་ཁྲིམས་གང་མགྱོགས་ཀྱིས་བཙུགས་ནས་ས་ནག་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་དང་། སྐྱུར་འགྱུར་སོགས་ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་ལ་ཤུགས་སྣོན། རྨོ་ཞིང་སྐྱེ་ལྡན་སྤུས་ཚད་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་དགོས། གསུམ་ནས་རྨོ་ཞིང་བཟུང་གསོབ་དོ་སྙོམས་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། རིགས་སོ་སོའི་རྨོ་ཞིང་བཟུང་གསོབ་བ་དང་བཀོལ་སྤྱོད་བྱེད་པར་ཁ་གཏད་དེ། གཅིག་གྱུར་གྱིས་བཟུང་བའི་ས་ཞིང་ཁ་གསབ་དོ་སྙོམས་དོ་དམ་གྱི་ཁོངས་སུ་གཅིག་གྱུར་གྱིས་འཇོག་དགོས། རྨོ་ཞིང་གི་སྤུས་ཚད་ཞིབ་བཤེར་རྩིས་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁ་གསབ་བྱེད་དགོས། བཞི་ནས་རྨོ་ཞིང་སྲུང་སྐྱོབ་དང་། འབྲུ་རིགས་འདེབས་པ། འབྲུ་རིགས་དམ་འཛིན་བྱེད་པའི་ཞིང་པ་དང་ས་གནས་སྲིད་གཞུང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་དགོས། འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཡོང་སྒོ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྣམ་པ་མང་པོའི་ཞིང་ལས་འོས་འཚམ་གྱིས་གཞི་ཁྱོན་དུ་ལས་གཉེར་བྱེད་རྒྱུ་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་སྐྱིན་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་། ཕྱིར་འཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་ཕྱིར་འཚོང་དོ་སྙོམས་ཁུལ་གྱི་རྨོ་ཞིང་སྲུང་སྐྱོབ་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས། བེད་མེད་དུ་བཞག་པའི་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྟིང་གཞི་གསལ་རྟོགས་བྱས་ཏེ་བེད་མེད་ས་ཞིང་བེད་སྤྱོད་ལ་རིགས་དབྱེ་སྐུལ་འདེད་གཏོང་དགོས། ལྔ་ནས་སྲོལ་རྒྱུན་མ་ཡིན་པའི་རྨོ་ཞིང་གི་ཐོན་ཁུངས་སྣ་ཚོགས་གསར་སྤེལ་ཧུར་ཐག་བྱེད་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཐད་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཕན་འབྲས་ལྡན་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ།“འབྲུ་རིགས་ཞིང་སར་བརྟེན་ནས་གསོག་པ”དེ“འབྲུ་རིགས་ལག་རྩལ་ལ་བརྟེན་ནས་གསོག་པ”དང་ཟུང་འབྲེལ་གྱིས་སྲོལ་རྒྱུན་མ་ཡིན་པའི་རྨོ་ཞིང་གི་ཐོན་ཁུངས་སྣ་ཚོགས་སྤྱད་དེ་ཞིང་ལས་ཐོན་སྐྱེད་བྱེད་དགོས། རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པར་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས་མོད། འོན་ཀྱང་དཀར་ནག་གི་བདེན་རྫུན་མི་འབྱེད་པ་དང་། བློ་ཐག་མི་ཆོད་པ་བྱེད་མི་རུང་། དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་། ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཞིང་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དྲིལ་སྒྲོག་འགྲེལ་བཤད་ལ་ཤུགས་སྣོན་པ། འོས་འཚམ་གྱི་བར་བརྒལ་དུས་སྐབས་འཇོག་པ་བཅས་བྱས་ནས་གོམ་པ་རིམ་བགྲོད་ཀྱིས་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། བ་ཚྭའི་ས་ཞིང་ཕྱོགས་བསྡུས་བསྒྱུར་བཀོད་བེད་སྤྱོད་དམ་འཛིན་ཡག་པོ་བྱེད་དགོས། བ་ཚྭའི་ས་ཞིང་ཕྱོགས་བསྡུས་བསྒྱུར་བཀོད་བེད་སྤྱོད་བྱེད་པ་ནི་རྨོ་ཞིང་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པའི་ཕྱོགས་གལ་ཆེན་ཞིག་རེད། རང་རྒྱལ་དུ་བ་ཚྭའི་ས་ཞིང་མང་པོ་ཡོད་པ་དང་ས་ཁུལ་ཁག་གཅིག་གི་རྨོ་ཞིང་བ་ཚྭ་ཅན་དུ་འགྱུར་ཤུགས་ཆེ་རུ་ཕྱིན་པས། བ་ཚྭའི་ས་ཞིང་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་བྱ་བ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། བ་ཚྭའི་ས་ཞིང་གསར་སྤེལ་བེད་སྤྱོད་བྱེད་པའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། ད་ཡོད་ཀྱི་བ་ཚྭའི་རྨོ་ཞིང་བསྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་བ་ཚྭ་ཅན་ལ་འགྱུར་བར་བཀག་འགོག་ནུས་ལྡན་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་བརྟན་འཇགས་སྒོས་རྒྱ་སྐྱེད་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བ་ཚྭའི་ས་ཞིང་གྱི་ཁྱད་ལྡན་ཞིང་ལས་བྱ་བ་ལེགས་པོར་སྒྲུབ་དགོས། གཙོ་གནད་བྱ་བ་འགའ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་བ་ཚྭའི་ས་ཞིང་གི་ཐོན་ཁུངས་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ། རྨང་གཞིའི་བྱ་བ་བརྟན་པོ་ཡོང་བར་བྱེད་དགོས། གཉིས་ནས་རྩེ་རིམ་ཇུས་འགོད་ལེགས་པོ་བྱས་ཏེ་བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་རྣམ་གྲངས་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་དགོས། གསུམ་ནས་རིགས་དབྱེ་ཇུས་འདོན་གྱིས་ཁུལ་དབྱེ་རིགས་དབྱེའི་སྒོ་ནས་བ་ཚྭའི་རྨོ་ཞིང་བཅོས་སྒྲིག་དང་ལེགས་བཅོས་བྱེད་དགོས། བཞི་ནས་འབྲུ་རིགས་དང་། དཔལ་འབྱོར། གཟན་ཆས་བཅས་ལ་སྤྱི་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་བ་ཚྭའི་ས་ཞིང་བེད་སྤྱོད་བྱས་ནས་བ་ཚྭའི་ས་ཞིང་གི་ཐོན་ཁུངས་སྣ་ཚོགས་ནས་ཟས་རིགས་ལེན་ཐབས་བྱེད་དགོས། ལྔ་ནས“ཞིང་འདེབས་པར་འཚམ་ས”དང“འཚམ་སར་འདེབས་པ”ཟུང་འབྲེལ་བྱས་ཏེ་བ་ཚྭ་བཟོད་པའི་ཁྱད་ལྡན་ས་བོན་མགྱོགས་མྱུར་གྱིས་འདེམས་གསོ་བྱས་ནས་བ་ཚྭའི་ས་ཞིང་བཅོས་སྐྱོང་དང་ཇེ་ལེགས་སུ་གཏོང་བའི་ནུས་ལྡན་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་གཏོང་དགོས། དྲུག་ནས་བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་དངུལ་རྩའི་སྲིད་ཇུས་བཟོས་ནས་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།