མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་གྲོས་བསྡུ་ལེན་བྱེད་དགོས།
2023.12.18 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 8

 

ཉེ་ལམ་སྤེལ་བའི་《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས》ཞེས་པ་བཀོད་ཡོད། རྩོམ་ཡིག་འདིའི་ནང་ང་ཚོས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། རྟག་ཏུ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ། བསམ་པ་རྣམ་དག་གིས་མི་དམངས་དགེ་རྒན་ལ་བསྟེན་པ། ལྷག་བསམ་རྣམ་དག་གིས་མི་དམངས་ལ་སློབ་སྦྱོང་བྱེད་པ། མི་དམངས་ལ་ཁེངས་སྐྱུང་སྒོ་ནས་བཀའ་འདྲི་ཞུ་བ་བཅས་བྱས་ཚེ། ལག་ལེན་གྱི་སྟོབས་ཤུགས་དང་རིགས་པའི་གཞུང་ལུགས་ཀྱི་བློ་གྲོས་ཟམ་མི་ཆད་པར་ཐོབ་ཐུབ་ཅེས་འཁོད་ཡོད།

ཏང་དང་མི་དམངས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་ནི། ཏང་ནང་ཁུལ་དུ་གཅིག་སྡུད་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་བརྗོད་གཞིའི་ནང་དོན་གཙོ་བོ་རེད། ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་པ། མི་དམངས་དགེ་རྒན་ལ་བསྟེན་པ། འཇོན་ཐང་ཡོད་མཁན་ལ་བཀའ་སློབ་ཞུ་བ། མཁས་པར་ཇུས་འདྲི་བ་བཅས་བྱེད་དགོས།

མི་དམངས་ལ་བརྟེན་ནས་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ལག་ལེན་གྱི་མདུན་གྲལ་དུ་གནས་ཡོད་པས། ལག་ལེན་གྱི་འགྱུར་ལྡོག་ཤེས་ཚོར་ཆེ་ཤོས་དང་མྱོང་ཚོར་ཟབ་ཤོས་ཡོད། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ན། བསམ་བློ་མི་ཐོངས་བའི་གནད་དོན་མང་པོའི་བློ་སྒོ་འབྱེད་ཐུབ་པ་དང་དྲིས་ལན་ཡང་རྙེད་ཐུབ། ཏང་ཡོན་དང་ལས་བྱེད་པས“མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པའི”ཏང་གི་རྩ་བའི་ལས་ཀའི་ལམ་ཕྱོགས་དང་ལས་ཀ་བྱེད་སྟངས་ཡག་པོ་སྤྱད་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་བྱས་ཏེ་ཐབས་ཇུས་ཡང་དག་པ་ཞིག་ཆགས་པར་བྱེད་དགོས།

མི་དམངས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་མི་དམངས་ཀྱི་ཚབ་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་དང་། མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་གསར་གཏོད་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པའི་ལག་ལེན་བྱེད་རིང་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བྱུང་བ་ཞིག་རེད། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་ཡོང་ཁུངས་རྫོགས་མཐའ་མེད་པ་ཞིག་རེད། མི་དམངས་ཀྱི་བློ་གྲོས་དང་། མི་དམངས་ཀྱི་འཚོལ་ཞིབ། མི་དམངས་ཀྱི་གསར་གཏོད་བཅས་དང་ཁ་བྲལ་ཚེ། རིགས་པའི་གཞུང་ལུགས་གསར་གཏོད་དེ་ཆུ་མགོ་མེད་པའི་ཆུ་བོ་དང་རྩ་བ་མེད་པའི་ལྗོན་ཤིང་ལྟ་བུ་རེད། བརྗོད་དོན་སློབ་གསོའི་ཁྲོད་ཏང་ཡོན་དང་ལས་བྱེད་པས་མི་དམངས་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་དང་། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ནས་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱེད་དགོས་པ་མ་ཟད། རྗེས་དཔག་གི་ཤེས་པར་ངོས་འཛིན་བྱེད་པར་དོ་སྣང་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་གཏོད་དགོས།

མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ཚེ། གཞི་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་།བཅོས་སྒྱུར་གྱི་འཕྲལ་མཁོ། གཞི་རིམ་གྱི་རེ་འདུན། དམངས་སེམས་ཕྱོགས་ས་བཅས་ཀྱི་གནད་དོན་ལ་ལྟ་སྟངས་གསལ་པོ་འཛིན་ཐུབ། ཏང་ཡོན་དང་ལས་བྱེད་པས་གྱོད་དཔེ་དང་གནས་ཚུལ་དངོས་ཀྱི་ཁྲོད་དུ་གནད་དོན་ལ་བརྟག་དཔྱད་དབྱེ་ཞིབ་དང་ཆུང་རྩད་ཆེ་ཤེས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཚེ། རིགས་པའི་གཞུང་ལུགས་ལ་ཤེས་རྟོགས་དང་ཁོང་དུ་ཆུད་ཚད་ཇེ་ཟབ་ཏུ་ཕྱིན་ནས་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་ཐུབ་པ་དང་། ལག་ལེན་ལ་ཁྲིད་སྟོན་སྔར་ལས་ལེགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན། བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ཀྱི་ཁྲོད་དུ་དངོས་སུ་བསྐྱོད་དེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་རྟོགས་ངང་ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་དྲིས་ནས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གནས་པའི་བློ་གྲོས་དང་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས་ལ། མི་དམངས་མང་ཚོགས་ཀྱི་ཡང་དག་ལ་གནད་འཕིགས་ཀྱི་ལྟ་ཚུལ་ཁྲོད་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཀྱི་རིག་པ་ཐོལ་སྐྱེས་བསྡུ་ལེན་བྱེད་དགོས།

                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།