མཚོ་སྔོན་གྱིས་བརྗོད་དོན་སློབ་གསོ་སྐོར་གཉིས་པར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།
2023.12.21 ཁུངས། མི་དམངས་དྲ་བ། ཀློག་གྲངས། 4

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྡོད་དམངས་ལྟེ་གནས་ཀྱི་ཐོག་སོ3པའི“དྲ་ཐོག་གླ་གཏོང་རླངས་འཁོར་གྱི་འགྲུལ་སྐྱེལ་ལག་ཁྱེར་སྒྲུབ་སའི་ཆེད་དོན་སྒེའུ་ཁུང”གི་མདུན་དུ་སྡོད་དམངས་ཀྲང་དབྱིན་ཁྲོན་གྱིས་དཔྱད་གཞིའི་ཡིག་རིགས་བསྐྱལ་རྗེས་ཉིན་དེར་འགྲུལ་སྐྱེལ་ལག་ཁྱེར་སྒྲུབ་ཐུབ་པ་བྱུང་། ཁོས་བཤད་རྒྱུར།  སྔོན་ཆད་དྲ་ཐོག་ནས་ཁ་ཆད་བྱས་པའི་གླ་གཏོང་རླངས་འཁོར་ལ་ཞིབ་མཆན་འགོད་པར་ཉིན20འགོར་བ་དང་། སྡེ་ཁག6བརྒྱུད་དགོས་བ་རེད།  ད་ལྟ་སྒེའུ་ཁུང་གཅིག་ནས་དུས་ཚོད3ཀྱང་མི་འགོར་བར་འགྲོ་ལུགས་ཚང་མ་སྒྲུབ་ཐུབ་པས་དངོས་གནས་སྟབས་བདེ་རེད་ཟེར།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་འགོ་བརྩམས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་དག་ཐེར་བྱེད་པ་དེ་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་པའི་དམ་འཛིན་བྱ་གཞིར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།  ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ། མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་། སེམས་ཁྲལ། རེ་སྒུག ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། འཛེམ་མེད་དམར་འདོན་དང་ཞིབ་བཤེར་དག་ཐེར་བྱས་པ་རེད། མིག་སྔར་བརྗོད་དོན་སློབ་གསོ་སྐོར་གཉིས་པའི་སྡེ་ཁག་གིས་ཁྱོན་སྡོམ་གནད་དོན3427ལ་ཞིབ་བཤེར་བྱས་ནས་དག་ཐེར་བྱེད་ཐབས9336བཟོས་པ་དང་གནད་དོན2048དག་ཐེར་བྱས་པ་རེད།

དམ་འཛིན་ལྷོད་མེད་བྱེད་པར་གནད་དོན་ཐག་གཅོད་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ།  མཚོ་སྔོན་ཞིང་ཆེན་གྱིས་གོང་འོག་མཉམ་འགུལ་སྒོས་གནད་དོན82དག་ཐེར་བཅོས་སྒྲིག་བྱས་པ་ལས་བརྗོད་དོན་སློབ་གསོ་སྐོར་དང་པོའི་དག་ཐེར་བཅོས་སྒྲིག་གི་གནད་དོན39དང་འབྱུང་རྩ་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན43དང་ལེན་དོན་འཁྱོལ་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྐོར་དང་པོ་དང་སྐོར་གཉིས་པའི་སྡེ་ཁག་གིས་རང་འགུལ་ངང་བཅའ་སྡོད་དང་། ཕྱོགས་གཉིས་ནས་ངོས་འཛིན་རྩིས་ལེན། མཉམ་དུ་དག་ཐེར་བཅོས་སྒྲིག་བཅས་བྱས་ནས། འགན་འཁྲི་ཁ་གསལ་ཞིང་གནད་ལ་འཁེལ་བ་དང་། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། གནད་དོན་ཐག་གཅོད་གནད་འཁེལ་བཅས་ཡོང་བར་འགན་ལེན་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་དུ་སྔོན་ཆད་ས་ཁང་ཐོན་ལས་གསར་སྤེལ་འཛུགས་སྐྲུན་ལས་གཞིའི་ཐད་ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་མང་པོ་ཡོད་པའི་རྐྱེན་གྱིས་མང་ཚོགས་སྐོར་ཞིག་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་ལག་ཁྱེར་སྒྲུབ་དཀའ་བའི་གནད་དོན་ལ་འཕྲད་ཡོད། ཟི་ལིང་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་དོ་ཁུར་ལ་ཧུར་ཐག་གིས་ལན་བཏབ་ནས་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཁྲོད་ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་ལས་གཏན་འཇགས་རྒྱུ་ནོར“ཐོ་འགོད་བྱེད་དཀའ་བའི”གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་སོགས་སྡེ་ཁག་དང་གོང་འོག་མཉམ་འགུལ་བྱས་ཏེ།  སྡེ་ཁུལ་ཆུང་བ་རེར་ཡིག་ཚགས་རེ་ཡོད་པའི་རིགས་དབྱེའི་སྲིད་ཇུས་གཞིར་བཟུང་ནས།  གྲོང་ཁྱེར་རིམ་པའི་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་ཐོ་འགོད་རྣམ་གྲངས་མགྱོགས་མྱུར་སྒོས་བསྒྲུབས་ཡོད། མིག་སྔར་སྡེ་ཁུལ་ཆུང་བ46གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་གནད་དོན་ཐག་གཅོད་བྱས་པ་དེ་སྡོད་དམངས་ཁྱིམ་ཚང་ཁྲི4ལྷག་དང་འབྲེལ་བ་ཡོད་པ་རེད།

གནད་དོན་དང་ལེན་བྱེད་ཕོད་པ་དང་། གནད་དོན་ཤེས་རྟོགས་བྱེད་མཁས་པ། གནད་དོན་ཐག་གཅོད་བྱེད་ཐུབ་པ་བཅས་ནི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་དག་ཐེར་ངོ་མ་བྱས་ཡོད་མེད་ལ་ཞིབ་དཔྱད་ཐེངས་གཅིག་བྱས་པ་ཞིག་ཡིན་ལ། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱེད་པའི་འགག་རྩའང་ཡིན། ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ལ་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་ཁུལ་མཉམ་འགུལ་དང་། ཁུལ་དང་རྫོང་མཉམ་འགུལ། རྫོང་དང་ཡུལ་ཚོ་མཉམ་འགུལ་བཅས་ཀྱི་བྱེད་ཐབས་སྤྱད་དེ། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཞན་ཆ་གསབ་པ་དང་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་བ་རེད།

རྒྱ་སྲན་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ཀྱི་གྲས་ཤིག་ཡིན་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་གྲུ་བཞི་སྡེ་བས་ས་རྒྱུར་འཚམ་པ་དང་ཉི་འོད་འདང་ངེས་ཡོད་པ་སོགས་ཀྱི་ལེགས་ཆར་བརྟེན་ནས་རྒྱ་སྲན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་བཏང་། ཉེ་བའི་ལོ་ཤས་རིང་རྒྱ་སྲན་ལ་ལོ་ལེགས་བྱུང་ནས་སྡེ་མིའི་བརྩོན་སེམས་ཆེ་རུ་ཕྱིན་མོད། འོན་ཀྱང་ཞིང་བ་ཁྱིམ་ཚང་གིས་ཁ་ཐོར་གཉེར་སྐྱོང་དང་། ཐོན་སྐྱེད་ཀྱི་མ་གནས་མཐོ་བ། ཚན་རྩལ་མ་འཇོག་ཉུང་བ། ས་ཞིང་གི་ཐོན་འབབ་ཉུང་བ་སོགས་ཀྱི་གནད་དོན་མངོན་གསལ་ཡིན་པ་རེད།

བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཞིང་ ཕྱུགས་ཚན་རྩལ་ཅུས་དང་གྲོང་གསེབ་དར་སྤེལ་ཅུས་སོགས་སྡེ་ཁག་གིས“གཞི་རིམ་དུ་སྐྱོད་པ་བཞི”དམ་འཛིན་བྱ་གཞིར་བྱས་ཏེ།  ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་མཉམ་འབྲེལ་སྒོས་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཇུས་འགོད་བྱས་ཤིང་།  རྫོང་རིམ་པའི་སྡེ་ཁག་གིས་གྲུ་བཞི་སྡེ་བར་མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་ཁང་དང་འབྲེལ་མཐུད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་སྲན་ཐོན་ལས་ལས་སྟེགས་ལ་བརྟེན་ནས་ཚད་ལྡན་ཅན་གྱི་རྒྱ་སྲན་སོན་བཟང་རྟེན་གཞི་བཙུགས་པ་དང་ཆབས་ཅིག “ཚན་རིག་ཁང་དང་སུའོ།  ཞིང་བ་ཁྱིམ་ཚང་དང་ས་བོན་རྟེན་གཞི།  ས་བོན་ཁེ་ལས”བཅས་ཟུང་དུ་འབྲེལ་བའི་སོན་བཟང་བྱེད་ཐབས་ཁྱབ་གདལ་བཏང་ཡོད། “རིགས་གཅིག་མཁས་ཅན་གྱིས་དུས་བཅད་ལྟར་ལག་རྩལ་མཛུབ་ཁྲིད་བྱས་ཏེ་ཉམས་མྱོང་ལ་བརྟེན་ནས་ས་ཞིང་འདེབས་པ་ནས་ཚན་རིག་དང་མཐུན་པར་ས་ཞིང་འདེབས་པར་བསྒྱུར་ཡོད། ད་ལོར་སྡེ་མི་ཚོས་རྒྱ་སྲན་བཏབ་པར་མུའུ་རེར་ཡོང་འབབ55%ཙམ་འཕར་བ་དང་ས་ཞིང་མུའུ་རེར་ཡོང་འབབ་སྒོར1200ལྷག་འཕར་ཡོད”ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝེས་ཆང་གིས་དེ་ལྟར་བཤད།

ཏང་གཤིས་ནི་ཏང་ཡོན་ལས་བྱེད་པས་རང་གནས་དང་། ལས་སྐྲུན། གཏམ་གླེང་། ཀུན་སྤྱོད་ལེགས་སྐྱོང་བཅས་བྱེད་པའི་རྨང་རྡོ་ལྟ་བུ་ཡིན།  ཞིང་ཆེན་ཡོངས་ཀྱིས“ དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ།  ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་དེ་ཏང་གཤིས་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་བཅོས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཡོད།  ད་ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་གྱིས《“ལས་བྱེད་པས་ལས་དོན་ཡག་པོར་སྒྲུབ་པ་དང་བསམ་ཕྱོགས་དྭངས་གཙང་ཡོང་བ་བྱེད་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་ལག་བསྟར་བསམ་འཆར་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”ཡིག་ཆ་བཟོས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གཙོ་གནད་དམ་འཛིན་བྱེད་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་པར་མ་ཟད། ཞིབ་བཤེར་དང་དག་ཐེར་ལས་དོན་ཏན་ཏིག་ངང་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམ་པ་དབྱེ་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་སྒོ་ནས་གླེང་མོལ་བྱས་ཤིང་། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཟ་འཐུང་སོགས་ཀྱི་གནད་དོན་ཐད་མྱུར་བཤེར་མྱུར་སྒྲུབ་ཀྱི་རྐྱེན་སྲོལ་བཙུགས་ནས་ཉེན་བརྡ་ནན་མོ་བཏང་ཞིང་།  “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། “འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ལས་དོན་མང་པོ་བསྒྲུབས་ཡོད། མིག་སྔའི་བར། ཁུལ་ཡོངས་ཀྱིས་གནད་དོན་གྱི་ཁུངས་སྣེ277ཐག་གཅོད་དང་། གྱོད་གཞི138ཐོ་འགོད། མི110ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པ་བཅས་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གིས་བཏོད་ཡོད།

གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པར་མུ་མཐུད་དུ་ནུས་ཤུགས་གཅིག་སྒྲིལ་བྱེད་པ་དང་། རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་བྱེད་པར་ལས་དོན་ལེགས་པོར་སྒྲུབ་པ། དཀའ་གནད་སེལ་བར་བྱེད་ཐབས་དངོས་འདོན་པ། འགན་འཁྲི་གཟབ་ནན་དུ་གཏོང་བར་ཕན་འབྲས་ཐོན་པ་བཅས་བྱས་ནས་བརྗོད་དོན་སློབ་གསོ་སྐོར་གཉིས་པ་གཏིང་ཟབ་ཏུ་སྤེལ་བ་དང་ཕན་འབྲས་ཏན་ཏིག་ཐོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཡིག་སྒྱུར་པ།  སྒྲོལ་མ་སྐྱིད།