ཡིད་ཆེས་ཆེན་པོ་དང་བློ་སྤོབས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
2023.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

—ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་བརྟན་པོ་སྤོ་དགོས།”ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས11ཉིན་ནས་ཚེས12ཉིན་བར་པེ་ཅིན་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་ཞིང་། 2023ལོའི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང་། ད་ལྟའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱེད་པ། 2024ལོའི་དཔལ་འབྱོར་བྱ་བར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བཅས་བྱས་ལ། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་ཆེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། ལོ་གསུམ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་རིམ་འགྱུར་བྱུང་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་ཀྱང་ཡིན། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་གི་མི་ལེགས་པའི་རྐྱེན་ངན་ཇེ་མང་དང་། རྒྱལ་ནང་གི་དུས་འཁོར་རང་བཞིན་དང་སྒྲིག་གཞིའི་རང་བཞིན་གྱི་འགལ་བ་བརྩེགས་མའི་རྙོག་དྲ་ཆེ་བའི་གནས་བབ་ལ་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་བ་གདོང་གིས་བསུ་བ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་ནང་གི་དཀའ་ཁག་སེལ་ནས་བརྟན་བརླིང་མདུན་སྐྱོད་ཀྱི་བྱ་བའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཚད་ལ་ཤུགས་སྣོན་དང་། ནང་མཁོ་རྒྱ་བསྐྱེད། སྒྲིག་གཞི་ལེགས་བཅོས། ཡིད་ཆེས་ཇེ་བརྟན། ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་བྱེད་པར་ཤུགས་སྣོན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ལེགས་པོ་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་། ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཚན་རྩལ་གསར་གཏོད་ལ་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བདེ་འཇགས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིང་ལ། དམངས་ཚིས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པས། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤག་སྒོས་མདུན་དུ་སྐྱོད་བཞིན་ཡོད།

འཛམ་གླིང་གི་ལོ་ངོ་བརྒྱའི་འགྱུར་བ་ཇེ་མགྱོགས་དང་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་པའི་རྙོག་འཛིང་གི་གནས་བབ་འོག ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་གདོང་གིས་བསུས་ནས་གཞི་རྒྱ་བརྟན་པོས་སྤུས་ཚད་མཐོར་འདེགས་བཏང་། ད་ལོའི་དཔལ་འབྱོར་འཁོར་སྐྱོད་དང་དཔལ་འབྱོར་བྱ་བའི་གྲུབ་འབྲས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་བརྡར་གཅོད་དང་འབྲེལ་ཡོད་ཇུས་ཆོད་ལ་ཡང་དག་པའི་སྔོན་དཔག་བྱས་པར་བདེན་དཔང་གང་ལེགས་བྱས་ཡོད་ལ། ཏང་ཀྲུང་དབྱང་ལ་རྙོག་དྲ་དང་འགྱུར་ལྡོག་ཆེ་བའི་གནས་བབ་འོག་དཔལ་འབྱོར་བྱ་བ་སྒྲུབ་པའི་བློ་གྲོས་ཆེན་པོ་དང་བྱང་ཆ་ལྡན་པའི་ནུས་པ་ཡོད་པ་བདེན་དཔང་གང་ལེགས་བྱས་ཡོད། མིག་སྔར། རང་རྒྱལ་ལ་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ལམ་ལུགས་ལེགས་ཆ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་དགོས་མཁོ་ཡི་ལེགས་ཆ། ཐོན་ལས་མ་ལག་གི་སྒྲིག་བཀོད་འཐུས་ཚང་ཡིན་པའི་མཁོ་འདོན་ལེགས་ཆ། སྤུས་ཚད་མཐོ་བའི་ངལ་རྩོལ་པ་དང་ཁེ་ལས་པའི་འཇོན་མི་མང་པོའི་ལེགས་ཆ་བཅས་ལྡན་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ནང་གནས་སྒུལ་ཤུགས་དང་མཉེན་ཤུགས། སྦས་ཤུགས་བཅས་དྲག་པོ་ལྡན་ཡོད། ཕྱོགས་བསྡུས་ཀྱིས་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་མི་ལེགས་པའི་རྒྱུ་རྐྱེན་ལས་ལེགས་པའི་ཆ་རྐྱེན་མང་བས། དཔལ་འབྱོར་སླར་གསོ་བྱུང་བ་ལེགས་ཤིང་ཡུན་རིང་དུ་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ང་ཚོས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་དར་སྤེལ། མཐུན་སྒྲིལ་འབད་བརྩོན་བཅས་བྱས་ཏེ། དཀའ་ཁག་བརྒལ་ནས་དཀའ་བ་སེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་གྱི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ཚེ། རང་རྒྱལ་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་ལས་དབང་རང་གི་ལག་ཏུ་དམ་པོར་འཛིན་ཐུབ་ངེས།

གྲུབ་འབྲས་ནི་ལས་སླ་བོར་བླངས་པ་མིན་ལ་ཉམས་མྱོང་ནི་ལྷག་ཏུ་རིན་ཐང་ཆེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ལས་བསྟན་དོན།“ངེས་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་འགྱུར་མེད་ཀྱི་གནས་ལུགས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་པ”དང“ངེས་པར་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་དང་དགོས་མཁོ་རྒྱ་བསྐྱེད་པར་མཉམ་དུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ།” “ངེས་པར་བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་བྱེད་པ།” “ངེས་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་ཕན་ཚུན་ལ་སྐུལ་འདེད་ལེགས་པོ་གཏོང་བ་རྒྱུན་འཁྱོངས་བྱེད་པ། ”“ངེས་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ།” “ངེས་པར་རྒྱུན་འཁྱོངས་བྱེད་དགོས་པ་ལྔ་པོ”འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད་བཅས་བྱས་པ་ཡིན་ལ། དུས་རབས་གསར་པར་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པར་ཆོས་ཉིད་རང་བཞིན་གྱི་ངོས་ཤེས་གཏིང་ཟབ་བྱས་པའང་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔོན་ཆད་བྱུང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་གནད་ཆེའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་སེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཀ་དང་གྲངས་འབོར་གཉིས་ཐད་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གཞི་རྒྱ་ཆེས་ཆེ་བའི་ཁྲོམ་ར་དང་ཐོན་སྐྱེད་ནུས་པ་ཆེན་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཏིང་རིམ་གྱི་བཅོས་བསྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་བཅས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བའི་བྱ་བ་འདི་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོ་འདིར་དམིགས་ན། ད་གཟོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་ཇུས་གཞི་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་ངང་མངོན་འགྱུར་འབྱུང་ཐུབ།

མིག་སྔའི་འཛམ་གླིང་ནི་རྙོག་དྲ་ཆེ་ལ། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། གཏན་འཁེལ་མི་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་ལ། དཔལ་འབྱོར་སླར་གསོ་ནི་ད་དུང་གནད་འགག་གི་དུས་རིམ་དུ་གནས་ཡོད། སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པར་མ་ཟད། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”ཡི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པའི་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་བྱས་པར་གོ་བ་གཏིང་ཟབ་ལེན་པ། དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་གཏོང་བ། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་བཅས་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་འོས་འགན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། ཡིད་ཆེས་དང་བློ་སྤོབས་ཆེ་རུ་གཏོང་བ་དང་། འབད་བརྩོན་ཤུགས་ལྡན་གྱི་སྙིང་སྟོབས་རྣམ་པ་གཏན་དུ་རྒྱུན་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ཐད་འཕྲད་པའི་གནད་དོན་ལ་ཕན་ནུས་ལྡན་པའི་སྒོ་ནས་གདོང་གཏད་དང་ཐག་གཅོད་པ། རང་ངོས་བྱ་བའི་བརྟན་འཇགས་རང་བཞིན་གྱིས་གནས་བབ་འགྱུར་ལྡོག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཧུར་ཐག་གིས་གདོང་གཏོད་པ་བཅས་བྱས་ཏེ། རྣམ་པ་གསར་པ་དང་སྤྱོད་ཚུལ་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

སང་ལོའི་དཔལ་འབྱོར་བྱ་བའི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་ཟིན་ལ། དཔལ་འབྱོར་བསྐྱར་འཕར་ལེགས་ཕྱོགས་སུ་འཁོར་བའི་རྣམ་པ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་བ་དང་། སྤུས་ཀ་དང་གྲངས་འབོར་གཉིས་ཀའི་ཆ་ནས་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པས། འགན་འཁྲི་ཕྲག་ཏུ་བབས་ཤིང་ལས་འགན་ཧ་ཅང་ལྕི་བ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་ཐུབ་པ་བྱེད་དགོས། ཡིད་ཆེས་བརྟན་པོ་དང་གསར་སྤེལ་ཡར་བརྩོན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འོས་འགན་སོ་སོ་ཧུར་ཐག་གིས་མངོན་འགྱུར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་འགུལ་སྐྱོད་དང་ཕན་འབྲས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་གསར་པ་འཇོག་དགོས།

ཡིག་སྒྱུར་པ། ཚེ་རིང་སྒྲོལ་མ།