མཚོ་བྱང་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ཆེས་ཆེ་བའི་མཐོ་སྒང་བོད་ལུག་དང་ནས། ལོག་དཀར་བཅས་ཀྱི་མཁོ་འདོན་རྟེན་གཞི་རུ་གྱུར།
2023.12.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

 ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་ཕྱུགས་རྒྱུད་བཟང་པོ་གསོ་སྤེལ་དང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཕྱུགས་རྒྱུད་བཟང་པོ་གསོ་སྤེལ་དང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ《མཚོ་བྱང་ཁུལ་གྱི་མཐོ་སྒང་བོད་ལུག་སྲུང་སྐྱོབ་སྲོལ་ཡིག》དང《མཚོ་བྱང་ཁུལ་གྱི་ཕྱུགས་རིགས་དང་ཕྱུགས་ཁྱུ་དོ་དམ་བྱེད་ཐབས》།《མཚོ་བྱང་ཁུལ་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་ཇུས་གཞི(2021ལོ་ནས2025ལོའི་བར)》《མཚོ་བྱང་ཁུལ་གྱི་ནས་དང་ལོག་དཀར་ཐོན་ལས་འཕེལ་རྒྱས་གཏོང་བའི་འགུལ་སྤྱོད་འཆར་གཞི》བཅས་བཟོས་ནས་བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་སོགས་ཞིང་ལས་ཀྱི་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་ཕྱུགས་རྒྱུད་བཟང་པོ་གསོ་སྤེལ་ལ་ཤུགས་བསྣན་ནས། ལོ་རེར་ནོར་གནག་དང་བོད་ལུག་གི་རྒྱུད་བཟང་ཕྱུགས་རིགས་ཁྲི་གཅིགལྷག་དང་ནས་དང་ལོག་དཀར་ཏུན་ཁྲི་གཅིག་དང་སྟོང་ལྔ་ལྷག་ཕྱིར་གཏོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་བོད་ལུག་དང་ནས། ལོག་དཀར་བཅས་ཀྱི་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།།

མཐོ་སྒང་བོད་ལུག་ཀྱི་ཕྱུགས་རྒྱུད་བཟང་པོ་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ།

བོད་ལུག་རྒྱུད་བཟང་གསོ་སྤེལ་ལས་དོན་མུ་མཐུད་དུ་ལག་བསྟར་བྱས་ནས། བོད་ལུག“ལོ་གཉིས་ཀྱི་ནང་ལུ་གུ་ཐེངས་གསུམ་ལ་རྩེབས་པ”དང“ལུ་གུ་མང་རྩེབས”ལག་རྩལ་ཞིབ་འཇུག་ཁྱབ་གདལ་གཏོང་རྒྱུར་ཤུགས་བསྣན་ཏེ།  “ཁུལ་དུ་ཚན་རྩལ་དཔེ་སྟོན་གླིང་ཡོད་པ་དང་རྫོང་དུ་རྒྱུད་བཟང་གསོ་སྤེལ་བྱ་ཡུལ་ཡོད་པ། ཡུལ་ཚོ་རུ་རྒྱུད་བཟང་གསོ་སྤེལ་རྟེན་གཞི་ཡོད་པ། སྡེ་བ་རུ་རྒྱུད་བཟང་ལེགས་སྤེལ་རྟེན་གཞི་ཡོད་པ”བཅས་རིམ་པ་བཞིའི་རྒྱུད་བཟང་གསོ་སྤེལ་མ་ལག་དང“རིམ་པ་དབྱེ་ནས་གཅིག་སྡུད་དང་ཁྱུ་བགོས་ནས་གསོ་སྤེལ། གཅིག་གྱུར་ཐོག་བེད་སྤྱོད”བཅས་ཀྱི་གསོ་སྤེལ་རྣམ་པ་ཞིག་ཆགས་པར་བྱས་ནས། ཁྱད་ལྡན་ཐོན་ལས་རྟེན་གཞི་ཅན་དང་གཞི་ཁྱོན་ཅན། རྒྱུད་བཟང་ཅན་བཅས་མངོན་འགྱུར་བྱས་ཡོད། ཁུལ་ཡོངས་སུ་ཕྱུགས་རྒྱུད་སྤེལ་ཡུལ་དགུ་དང་ལྟེ་བའི་ཁྱུ་ཚོགས་ཉིས་བརྒྱ་བཅུ་གཅིག  ཕྱུགས་ཟོག་ཁྲི་བརྒྱད་དང་སྟོང་གཉིས་སུམ་བརྒྱ་གྱ་དགུ།  མོ་ཕྱུགས་ཁྲི་ལྔ་དང་སྟོང་གསུམ་ཉིས་བརྒྱ་སོ་དྲུག་བཅས་ཡོད་ལ། རིམ་རྩིས་བྱས་ན་བོད་ལུག“ལོ་གཉིས་ནང་ཐེངས་གསུམ་རྩེབས་པའི”གསོ་སྤེལ་བྱ་བ་ཁྱབ་གདལ་བཏང་སྟེ་ས་ཡ་གཉིས་ཡན་གསོ་སྤེལ་བྱས་ཡོད། 2021ལོ་ནས2023ལོའི་བར་ཁུལ་ཡོངས་ཀྱི་རྒྱུད་བཟང་བོད་ལུག་ཕྱུགས་རྒྱུད་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་ཉེར་ལྔ་མཁོ་འདོན་བྱས་པ་དང་ཆ་སྙོམས་ལོ་རེར་ཕྱུགས་རྒྱུད4108མཁོ་འདོན་བྱས་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་བོད་ལུག་ཕྱུགས་རྒྱུད་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་ཆགས་ཡོད།

རི་མ་ཞིང་ལས་ཀྱི་ས་བོན་གཙོ་བོ་ཁྱབ་གདལ་བཏང་བ།

“མཐོ་གྲང་ཐན་གསུམ”གྱི་གཞི་རྩའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ནས་ཀྱི་ས་བོན་འདེམས་གསོ་དང་། ས་བོན་བཟོ་སྐྲུན། ལྗང་མདོག་ཐོན་སྐྱེད་ལག་རྩལ་བཅས་ལ་བརྟེན་ནས། ནས་ཀྱི་ས་བོན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནས་ཀྱི་ཐོན་སྐྱེད་ཆུ་ཚད་མཐོ་རུ་བཏང་པ་དང་། ནས་ཀྱི་ལས་སྣོན་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བར་སྐུལ་འདེད་བཏང་། 2023ལོར་ཁུལ་ཡོངས་སུ་ནས་ཀྱི་ས་བོན་ལྟེ་བའི་གསོ་སྤེལ་རྟེན་གཞི་མུའུ་ཁྲི5བསྐྲུན་པ་དང་།   ས་བོན་ཐོན་སྐྱེད་ཀྱི་ཆེད་ལས་མཉམ་ལས་ཁང20ལ་རོགས་སྐྱོར་བྱས་པ།  སོན་བཟང་ཅན་དུ་འགྱུར་ཚད98%ཡན་ཟིན་པ། ལས་རིགས་ཀྱི་གཞི་གྲངས་བསྡོམས་རྩིས་ལྟར་ན། 2023ལོར་མཚོ་བྱང་གི་ནས་འདེབས་ཁྱོན་མུའུ་འབུམ་གཉིས་ཁྲི་བརྒྱད་ལྷག་དང་། སྤྱིའི་ཐོན་ཚད་ཏུན་ཁྲི7ལྷག་ལ་སླེབས་ཡོད། ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ257ལྷག་ཟིན་ནས། ལོ་རེའི་འདེབས་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་ནས་འདེབས་ཁྱོན་གྱི20%དང་སྤྱིའི་ཐོན་ཚད་བསྡོམས་འབོར་གྱི30%ཡན་ཟིན་ཡོད།  མཚོ་བྱང་ཁུལ་འདེམས་གསོའི་ནང་ཞུགས་པའི“ཁུ་ནུ་ཨང14པའི”ནས་ནི་མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་རིགས་གཙོ་བོ་ཞིག་ཏུ་གྱུར་ཞིང་། འདེབས་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་ནས་འདེབས་ཁྱོན་གྱི50%ཙམ་ཟིན་པ་དང་།   “ མིན་ཡོན་གྱི་ནས”ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོབ་སྟེ། ལོ་རེར་ཀན་སུའུ་དང་སི་ཁྲོན། བོད་ལྗོངས་སོགས་སུ་ནས་ཀྱི་ས་བོན་ཏུན་སྟོང་བཞི་འདེབས་གསོ་བྱས་ཤིང་། དེ་ཞིང་ཆེན་ཡོངས་ཀྱི་ནས་ཀྱི་ས་བོན་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

ལོག་དཀར་གྱི་ས་བོན་མཁོ་འདོན་གཏིང་ཟབ་སྒོས་ཁྱབ་གདལ་བཏང་བ།

མཐོ་གྲང་ཞིང་ལས་སྐྱེ་དངོས་ཐོན་ཁུལ་གྱི་སོན་འདེབས་ཚན་ཞིབ་རྟེན་གཞི་དང་། རྒྱལ་ཁབ་མཐོ་གྲང་ཁུལ་གྱི་ལོག་དཀར་གྱི་ཚོད་ལྟའི་ས་ཚིགས། ནས་ཀྱི་མ་བཅོས་ས་བོན་གསོ་སྤེལ་རྟེན་གཞི་བཅས་ལ་བརྟེན་ནས་ཁུལ་དང་རྫོང་།  ཡུལ་ཚོ་བཅས་རིམ་པ་གསུམ་གྱི“གསོ་སྤེལ་སྐུལ་འདེད”གཞི་གཅིག་ཅན་གྱི་མཐོ་སྒང་བྱང་ཕྱོགས་ཀྱི་ལོག་དཀར་གྱི་འདེབས་འཛུགས་ལས་རིགས་མ་ལག་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་།  སྔ་རྗེས་སུ་འབྲུ་སྣུམ་སོན་བཟང་རྟེན་གཞི་མུའུ་འབུམ་གཉིས་ཁྲི་གཉིས་ལྷག་བསྐྲུན་པ་དང་། སོན་བཟང་ཐོན་ཚད98%ཡན་ཟིན་པ།  2023ལོར་ལོག་དཀར་སོན་བཟང་ལྟེ་བའི་གསོ་སྤེལ་རྟེན་གཞི་མུའུ་ཁྲི་གཅིག་དང་སྟོང་དགུ་ལྷག་བསྐྲུན་པ།  ས་བོན་ཐོན་སྐྱེད་ཀྱི་ཆེད་ལས་མཉམ་ལས་ཁང16ལ་རོགས་སྐྱོར་བཅས་བྱས། ལས་རིགས་ཀྱི་གཞི་གྲངས་བསྡོམས་རྩིས་བྱས་པ་ལྟར་ན། 2023ལོའི་མཚོ་བྱང་གི་ལོག་དཀར་འདེབས་ཁྱོན་མུའུ་འབུམ་བཞི་ཁྲི་གསུམ་ལྷག་དང་སྤྱིའི་ཐོན་ཚད་ཏུན་ཁྲི་བཞི་ལྷག་ཟིན་ནས། ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ102ཟིན་པ་དང་། ལོ་རེར་འདེབས་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་ལོག་དཀར་འདེབས་ཁྱོན་གྱི20%དང་ཐོན་ཚད་བསྡོམས་འབོར་གྱི13.8%ཡན་ཟིན་ཡོད། མཚོ་བྱང་ཁུལ་གྱིས་འདེབས་གསོ་བྱས་པའི“མཚོ་སྔོན་སྣུམ་ཨང21པའི་ཁྱབ་གདལ་འདེབས་འཛུགས་བྱས་ནས་བཟུང་། མཚོ་བྱང་དང་མཚོ་ལྷོའི་ལོག་དཀར་ཐོན་ཁུལ་གཙོ་བོ་དང་། མཚོ་ནུབ་དང་མཚོ་ཤར། ཟི་ལིང་སོགས་ས་བབ་མཐོ་བའི་རི་ཁུལ་དུ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་འདེབས་འཛུགས་བྱས་པས། ལོག་དཀར་འདེབས་ཁྱོན་གྱི70%ཡས་མས་ཙམ་ཟིན་པ་དང་། རིམ་རྩིས་བྱས་ན་ཁྱབ་གདལ་བེད་སྤྱོད་གཏོང་ཁྱོན་མུའུ་ས་ཡ་ལྔ་དང་འབུམ་གཅིག་ལྷག་ཟིན་ཞིང་།  རྟེན་གཞི་བཟང་པོར་བེད་སྤྱོད་གཏོང་ཁྱོན་མུའུ་འབུམ་གཅིག་དང་ཁྲི་བདུན་ལྷག་ཟིན་ནས། མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་ཐོན་ཚད་མཐོ་བའི་དཔེ་མཚོན་ཅན་མང་པོ་བཏོད་ཡོད། ལོ་རེར་ཞིང་ཆེན་ཕྱི་ནང་དུ་སྤུས་ལེགས་ལོག་དཀར་ཏུན་ཁྲི་གཅིག་ལྷག་ཡན་ཕྱིར་གཏོང་བྱེད་པ་དང་ཆབས་ཅིག ཀན་སུའུ་དང་སི་ཁྲོན། བོད་ལྗོངས་སོགས་ས་ཁུལ་དུ་ཁྱབ་གདལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ལོག་དཀར་ས་བོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།