ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་བསྡུས།
2023.12.26 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་མངོན་གསལ་ཡིན་ལ་དམིགས་འབེན་དང་ལས་འགན་ཡང་ཁ་གསལ་ཡིན་པས།  སློབ་སྦྱོང་ལ་བརྟེན་ནས་བསམ་བློ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློ་གཅིག་གྱུར་ནི་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་གྱི་རྨང་གཞི་ཡིན། ཆབ་སྲིད་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པར་ཐོག་མར་བསམ་བློའི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་ནི་ངོས་འཛིན་རྒྱུ་ཡོད་པ་ཞིག་ཡིན་པ་ལས་ངོས་འཛིན་རྒྱུ་མེད་པ་ཞིག་མིན་པས། དང་ཐོག་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་ཐད་དོན་འཁྱོལ་བྱེད་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་རང་རེའི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་དང་མགོ་ཁྲིད་ཀྱི་ལམ་ལུགས་ཡིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནང་དམངས་གཙོ་དང་གཅིག་སྡུད་ཕྱོགས་གཉིས་ཚུད་ཡོད་ཅིང་། དེ་གཉིས་ཕན་ཚུན་ཆ་རྐྱེན་དུ་འགྱུར་བ་དང་གཅིག་ལ་གཅིག་བརྟེན་ཡིན། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་གང་ལེགས་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོ་ནི་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་གསལ་རྟོགས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་ཡིན་ལ། མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཁྲོད་འཐབ་ཇུས་ཀྱི་སྤྱི་ཡོངས་ཁོང་དུ་ཆུད་པ་དང་། འཐབ་ཇུས་ཀྱི་རང་འགུལ་ལ་སྟངས་འཛིན་བྱེད་པ། ལས་དོན་སོ་སོའི་སྔོན་དཔག་རང་བཞིན་དང་རྒྱང་ལྟ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་པར།   ངེས་པར་དུ་ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བདེ་དུས་ཉེན་ཟོན་དང་ཆུ་མ་ཤོར་གོང་ནས་རགས་རྒྱག་ཐུབ་པར་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   མགོ་ཁྲིད་ལས་བྱེད་པས་མི་དམངས་ལ་ཕན་བདེ་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། རང་རེའི་གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་དོན་ལས་རྗེས་འཇོག་དོན་ནི་མི་དམངས་ལ་ཕན་བདེ་སྐྲུན་ཆེད་ཡིན་པ་ལས། སྒེར་གྱི་གོ་གནས་འཕར་བ་དང་ཐོབ་ཤོར་གྱི་ཆེད་དུ་མིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དེ་མགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ནང་དོན་གལ་ཆེན་དུ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་དང་གདེང་འཇོག་བྱ་ཐབས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཕྱོགས་སྟོན་གྱི་དབྱུ་གུ་ལྟ་བུའི་ནུས་པ་ཡག་པོ་བཏོན་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་གིས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་ལག་བསྟར་ནན་ཏན་བྱེད་པར་སྐུལ་འདེད་གཏོང་བ་དང་ཡང་དག་པའི་ལས་ཀའི་སྟོན་ཕྱོགས་ཏན་ཏིག་ཆགས་པར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མཐུན་སྒྲིལ་འབད་འཐབ་ནི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། མཐུན་སྒྲིལ་འབད་འཐབ་བྱེད་པར་དམིགས་འབེན་ལ་བརྟེན་ནས་སེམས་ནུས་གཅིག་ཏུ་སྒྲིལ་དགོས།   སྐྱོད་ལམ་གསར་པར་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྔར་ལས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་ཤིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཡོངས་ལ་དམ་པོར་བརྟེན་ནས་ཕྱར་བ་གྲུ་འདེགས་ཀྱིས་བྱ་གཞག་ཆེན་པོ་མཉམ་དུ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དེ་ཡིན་པ་དང་། ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་འབྲལ་བ་དེ་ཡིན་པས། མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཏེ། དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་སྣེ་ཁྲིད་དེ་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་སྐྱོད་པ་དང་། མང་ཚོགས་སེམས་ལ་འཛིན་པ་དང་མང་ཚོགས་ལ་བརྩེ་བ་འཆང་བ་དེ་རང་འགན་གཙང་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོ་ནས་མཚོན་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུར་མྱུར་དུ་ལན་བཏབ་ནས། བྱ་བ་བཟང་པོ་ཡག་པོར་བསྒྲུབ་པ་དང་། བྱ་བ་དངོས་ནན་ཏན་གྱིས་བསྒྲུབ་པ། སྒྲུབ་དཀའ་བའི་བྱ་བ་ལེགས་པོར་བསྒྲུབ་པ་བཅས་བྱ་དགོས།

 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།