སྡེ་སྡོད་ཧྲུའུ་ཅི་དང་པོས་འགན་འཁྲི་དང་དུ་བླངས་ནས་སྡེ་བར་དོན་དངོས་བསྒྲུབས།
2023.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

——མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ཁྲ་གཟེབ་ལུང་པ་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་གི་གནས་ཚུལ་བཀོད་པ།

དགུན་གྱི་ཞོགས་པར།   ཉི་འོད་ལམ་ལམ་དང་འགྲོགས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ཁྲ་གཟེབ་ལུང་པ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཆིན་ཧའེ་ཀྲིན་གྱིས་བྱིས་པ་རྣམས་བཟའ་རྒྱུར་དགའ་བའི་ཞོར་ཟས་ཀྱི་རིགས་འཁྱེར་ནས་དབུལ་ཐར་ཁྱིམ་ཚང་ཧན་ཅིན་ལེང་ཚང་དུ་སོང་།

ཉེ་བའི་ལོ་ཤས་རིང་།   སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཚོད་རྩིས་རྒྱུག་དུས། ཧན་ཅིན་ལེང་ཚང་ནི་ཡོང་འབབ་སྒོར་མོ་ཁྲི་གཅིག་ལའང་མ་སླེབས་པའི་ཁྱིམ་ཚང་ཞིག་ཡིན་པས།  ཧན་ཅིན་ལེང་ཚང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཁྲོད་དུ་བཞག་ཡོད་ཅིང་།  ཆིན་ཧའེ་ཀྲིན་དང་སྡེ་སྡོད་རུ་ཁག་དེ་དུས་རྒྱུན་དུ་ཧན་ཅིན་ལེང་ཚང་ལ་སོང་ནས་ཁོ་ཚང་གི་འཚོ་བའི་གནས་ཚུལ་ལ་ལྟ་རྟོག་བྱེད་ཀྱིན་ཡོད།

ཆིན་ཧྲུའུ་ཅི་ཕེབས་བྱུང་ངམ།  མྱུར་མོར་ཁྱིམ་དུ་ཕེབས་ཞེས་སྒོ་རའི་ནང་དུ་ཕྱུགས་ཟོག་ལ་གཟན་ཆས་སྟེར་བཞིན་པའི་ཧན་ཅིན་ལེང་གིས་ཆིན་ཧའེ་ཀྲིན་ཡོང་བ་མཐོང་མ་ཐག་དེ་ལྟར་མྱུར་མོར་ཁྱིམ་དུ་བསུས།

ཨ་ཁུ་ཧན་ལགས། ཁྱེད་ཚང་གི་ཕྱུགས་ཟོག་འདི་ཚོའི་ཤ་ཤེད་ངོ་མ་བཟང་གི  གསོ་ཁ་ནས་བུད་རྗེས་རིན་གོང་མཐོན་པོར་འཚོང་ཐུབ་རྒྱུ་རེད་ཅེས་ར་སྐོར་ནང་གི་ཕྱུགས་ཟོག་ལ་མཛུབ་མོ་འཛུགས་བཞིན་ཆིན་ཧའེ་ཀྲིན་གྱིས་དེ་ལྟར་བཤད་ཞོར། ཧན་ཅིན་ལེང་ལ་ཕྱུགས་ཟོག་གསོ་སྐྱོང་བྱེད་སྟངས་སྐོར་གྱི་གནས་ཚུལ་ཞིབ་འདྲི་བྱས་པ་དང་།   ད་དུང་ཕྱུགས་ཟོག་གསོ་བྱེད་ཀྱི་གཟན་ཆས་ཀྱི་བསྡུར་ཚད་གཏན་འཁེལ་བྱེད་མི་ཐུབ་ཚེ་གསོ་སྤེལ་ཁྱིམ་ཚང་ཆེ་ཤོས་སུ་སོང་ནས་རྒྱུས་ལོན་བྱས་ཆོག་པའི་གྲོས་གཞི་ཡང་བཏོན།

ཆིན་ཧྲུའུ་ཅི་ལགས། ཁྱེད་ཚོའི་ལས་ཀར་བྲེལ་བ་དེ་འདྲ་ཆེ་བས་དོན་དག་ཅི་ཞིག་ཡོད་ན་ཁ་པར་རྒྱག་པའམ་ཡང་ན་ཚོགས་པའི་ནང་དུ་སྐད་བཏང་བ་ཙམ་གྱིས་ཆོག་ནི་རེད་ཅེས་ཧན་ཅིན་ལེང་གིས་ཆིན་ཧེ་ཀྲིན་ལ་དེ་ལྟར་ཟེར་བཞིན་མྱུར་དུ་ཁོའི་ཆུང་མར་ཇ་ལྡུག་ཏུ་བཅུག   ཉིན་འདི་འགར་ཁོམ་པ་ཅུང་ཙམ་ཞིག་ཡོད་པས་ཁྱེད་ཚང་ལ་ལྟ་རུ་ཡོང་བ་ཡིན། དེ་ལས་གཞན་དམངས་ཕན་སྲིད་ཇུས་ནི་ངོ་ཐུག་ནས་བཤད་ན་དེ་ལས་ཀྱང་གོ་བ་གསལ་བོར་ལེན་ཐུབ་པར་ཕན་པ་ཡོད་ནི་རེད་ཅེས་ཧྲུའུ་ཅི་ཆིན་ཧའེ་ཀྲིན་གྱིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

ཉེ་ལམ།    ཆིན་ཧའེ་ཀྲིན་དབུལ་ཐར་མི་གྲངས་ཀྱི་ཡོང་འབབ་ཆ་འཕྲིན་འཚོལ་བསྡུ་བྱེད་པར་བྲེལ་བཞིན་ཡོད་པ་དང་ཞོར་དུ་ཁྱིམ་ཚང་རེ་རེར་སོང་སྟེ། སྨན་བཅོས་འགན་ལེན་སོགས་དམངས་ཕན་སྲིད་ཇུས་མང་པོ་སྒྲོག་འགྲེལ་བྱེད་བཞིན་ཡོད།    དེ་རིང་ཡང་ཁོས་རང་གི་ལག་ན་ཡོད་པའི་དྲིལ་སྒྲོག་ལག་དེབ་དེ་བླངས་ནས།    ཨ་ཁུ་ལགས།   ཉིས་སྟོང་ཉེར་གསུམ་ལོར་ཁྱེད་ཚང་གི་ཡོང་འབབ་ཅི་འདྲ་རེད་ཅེས་འཛུམ་དམུལ་དམུལ་ངང་དྲིས་པར།

ཧན་ཅིན་ལེང་གིས་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས།  ཉིས་སྟོང་ཉེར་གསུམ་ལོའི་ཡོང་འབབ་དེ་ན་ནིང་ལས་ཇེ་བཟང་དུ་སོང་ཡོད་ཅེས་ལན་འདེབས་བཞིན་ཆིན་ཧའེ་ཀྲིན་ལ་ཁོ་ཚང་གི་ལོ་གཅིག་གི་ཡོང་འབབ་ཀྱི་རྩིས་ཐོ་དེ་སྤྲད།   ལྟ་ཞིབ་ཚད་ལེན་བྱ་ཡུལ་ནང་བཅུག་རྗེས་ཧན་ཅིན་ལེང་ཚང་གི་ཁྱིམ་མི་བཞི་བོ་སྲིད་གཞུང་གིས་མ་མཐའི་འཚོ་བའི་འགན་ལེན་གྱི་རོགས་སྐྱོབ་བྱེད་ཡུལ་གྱི་ཁྱབ་ཁོངས་སུ་བཞག་པ་དང་། ཁོའི་བུ་ནགས་སྲུང་གི་བྱ་བར་ཞུགས་པ་དང་། ཁོ་རང་གིས་ཁྱིམ་དུ་ཕྱུགས་ཟོག་རེ་འགའ་གསོ་སྐྱོང་བཞིན་བསྡད་ཡོད།

ངེད་རྒན་རྒོན་གཉིས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ནའང་། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་བཞིན་ཡོད་པས་རང་ཉིད་ཀྱིས་ཧ་ལམ་འགྲོ་སོང་གཏང་མི་དགོས།   དེ་ལྟར་ངེད་ཚང་གི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་བདེ་སྐྱིད་ཀྱི་རེ་བས་ཁེངས་ཡོད་ཅེས་ཧན་ཅིན་ལེང་དགའ་སྤྲོ་དང་བཅས་བཤད།

ཆིན་ཧའེ་ཀྲིན་གྱིས་སྨྱུ་གུ་བཏོན་ནས་ཧན་ཅིན་ལེང་ཚང་གི་ལོ་གཅིག་གི་ཡོང་འབབ་ཟིན་ཐོར་བཀོད་པ་དང་།  ཉིས་སྟོང་ཉེར་གསུམ་ལོར་ཧན་ཅིན་ལེང་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ་ཁྲི་གཅིག་དང་སྟོང་གསུམ་ལྷག་ཙམ་ལ་བུད་འདུག    ཧན་ཅིན་ལེང་གི་བུ་ཧན་ཏི་རྫོང་མཁར་དུ་སོང་ནས་ཞོར་ལས་ཙག་ཙིག་གཉེར་བཞིན་པའི་གནས་ཚུལ་དེ་ཐོས་རྗེས།  ཆིན་ཧའེ་ཀྲིན་གྱིས་བཤད་རྒྱུར། གལ་ཏེ་ང་ཚོའི་སྡེ་བའི་ནང་དུ་རྩལ་ནུས་གསོ་སྦྱོང་བྱེད་པའི་གོ་སྐབས་ཡོད་ཚེ།  ང་ཚོས་མྱུར་དུ་ཧན་ཏི་ལ་བརྡ་གཏང་ངེས་ཡིན། ཁོ་ལ་རྩལ་ནུས་ཅུང་ཙམ་ཡོད་ཚེ་རྗེས་ཕྱོགས་ཞོར་ལས་སུ་སོང་ན་སྟབས་བདེ་བོ་ཡིན་ནི་རེད་ཅེས་བཤད།

ཧན་ཅིན་ལེང་ཚང་ནས་སྒོར་བུད་རྗེས་ཆིན་ཧའེ་ཀྲིན་གྱིས་སྡེ་བའི་ནང་གི་ལམ་ཕྲན་གཞན་ཞིག་བརྒྱུད་ནས་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་པའི་གནས་ཚུལ་ལ་ལྟ་རུ་སོང་།    ཉེ་ལམ།   ཁོ་ཚོའི་སྡེ་བའི་ནང་གི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་པ་དང་ཏང་ཡོན་རྒན་པ་སོགས་མི་དྲུག་གིས་རྩ་འཛུགས་བྱས་ཏེ་སྡེ་བའི་ནང་དུ“བློ་འདོན་ཚོགས་པ”བཙུགས་ནས་ལས་རིགས་ཁག་གི“འཇོན་ཐང་ཅན”ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བར་ཐབས་འདོན་ཇུས་འབུལ་བྱེད་བཞིན་འདུག

ང་ཚོའི་སྡེ་བས་རྒྱལ་ཁབ་ཀྱི་སྲིད་ཇུས་སྣ་ཚོགས་བརྒྱུད་ནས་རྨང་གཞིའི་སྒྲིག་ཆས་ཧ་ཅང་འཐུས་ཚང་དུ་བཏང་ཡོད་མོད།   འོན་ཀྱང་སྡེ་བའི་ན་གཞོན་ཚོར་ཁོར་ཡུག་ལ་གཅེས་སྤྲས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེན་པོ་མེད་པས། ང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནས་ཚུལ་དེ་ལ་འགྱུར་ལྡོག་བཏང་ན་ཅི་འདྲ་རེད་ཅེས་ཁྲ་གཟེབ་ལུང་པ་སྡེ་བའི་གཅིག་སྡུད་སློབ་སྦྱོང་ཚོགས་འདུའི་སྟེང་“བློ་འདོན་ཚོགས་པའི”ཁོངས་མི་ཞིག་གིས་ཡིད་ཆེས་དང་བཅས་ཏེ་དེ་ལྟར་གྲོས་གཞི་བཏོན།

ཚོགས་འདུ་གྲོལ་རྗེས་སྡེ་སྡོད་ལས་དོན་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མྱུར་དུ་སྡེ་བའི་འཐུས་མི་རྩ་འཛུགས་བྱས་ནས་ཁྱིམ་ཚང་རེ་རེར་སོང་སྟེ།  སྡེ་བའི་གཞོན་ནུ་རྣམས་ལ་ཁོར་ཡུག་ལ་གཅེས་སྐྱོང་བྱེད་དགོས་པའི་གལ་ཆེན་རང་བཞིན་སྐོར་ནས་དྲིལ་སྒྲོག་བྱས།   དེ་ལྟར་ཁྲ་གཟེབ་ལུང་པ་སྡེ་བས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དྲིལ་སྒྲོག་བྱས་པར་མ་ཟད། ད་དུང་གཞོན་ནུ་རྣམས་ཀྱིས་ཁོར་ཡུག་ལ་གཅེས་སྤྲས་བྱེད་རྒྱུ་དེ་སྡེ་སྲོལ་དམངས་ཆིངས་ཀྱི་ནང་དུ་བཀོད།

སྡེ་སྡོད་ལས་དོན་རུ་ཁག་ཁྲ་གཟེབ་ལུང་པ་སྡེ་བའི་ཁྱིམ་ཚང་བརྒྱ་དང་སོ་གཉིས་ཀྱི་ཁྱིམ་ཚང་རེ་རེར་སོང་སྟེ། སྡེ་བ་ཡོངས་ཀྱི་མང་ཚོགས་ལ་སྡེ་བ་རིམ་པའི་ཁོར་ཡུག་སྲུང་སྐྱོང་རུ་ཁག་སོགས་ཀྱི་ལམ་སྲོལ་ལག་བསྟར་བྱ་རྒྱུར་སྐུལ་སློང་བྱས་པར་མ་ཟད།  སྒོ་ར་དང་ཁང་པའི་མདུན་རྒྱབ། ཕྱུགས་ར།  ཉེ་འགྲམ་གྱི་ཆུ་ལམ་སོགས་བཅོས་སྒྲིག་ཁྱབ་ཁོངས་ནང་བཞག་སྟེ། སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་“གསེར་བྱང་”བསྐྲུན་པར་འགན་ལེན་བྱས་པ་རེད།

སྡེ་བ་མཛེས་སྡུག་ལྡན་པར་གྱུར་ནའང་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ཕྱུག་ལ་གཏོང་དགོས།  ཁྲ་གཟེབ་ལུང་པ་སྡེ་བའི་སྡེ་སྡོད་ལས་དོན་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གནས་ཚུལ་དེའི་སྐོར་ལ་བརྟག་ཞིབ་ནན་ཏན་བྱས་ནས།  སྡེ་བའི་ཏང་ཡོན་དང་སྡེ་མིའི་འཐུས་མིའི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ།  གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས།  གྲོང་གསེབ་ཀྱི་ཡུལ་སྐོར་དཔལ་འབྱོར་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཡུལ་སྐོར་ཞབས་ཞུའི་སྦྲེལ་ཐག་ཅིག་ཆགས་པ་བྱས་ཏེ།  ཡུལ་སྐོར་ལས་རིགས་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་རྒྱུར་བརྩོན་ལེན་བྱས་སྟབས།  ཡུན་རིང་མ་འགོར་བར་ཁྲ་གཟེབ་ལུང་པ་སྡེ་བར་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་སྡེ་བའི་མཚན་སྙན་ཐོབ་པ་རེད།    ད་ལྟ་སྐབས་དེ་དུས་ཀྱི་འདམ་དམར་ལུང་པ་དེ་མི་ཚང་མས་བསྟོད་བསྔགས་བྱེད་པའི་གྲོང་གསེབ་ཡུལ་སྐོར་གྱི་ས་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་།  གྲོང་གསེབ་ཡུལ་སྐོར་ལས་རིགས་དེ་ཁྲ་གཟེབ་ལུང་པ་སྡེ་བའི་སྡེ་མི་རྣམས་ཀྱི་ཡོང་འབབ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།

ཁྲ་གཟེབ་ལུང་པ་སྡེ་བས་ཡུལ་སྐོར་རིག་གནས་གསར་གཏོད་ཞིབ་འཇུག་རྟེན་གཞིའི་གསོན་ཤུགས་འཕེལ་བ་བྱས་ཏེ།  སྡེ་བའི་ཁྱད་ཐོན་ཟས་རིགས་དང་ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་ཞིང་ལས་ཡུལ་སྐོར་ཕྱོགས་བསྡུས་རྟེན་གཞི་ཞིག་ཏུ་བསྐྲུན་ནས།  ཞིང་པར་འབབ་འཕར་ཡོང་བའི་སྒུལ་ཤུགས་གསར་པ་འཚོལ་ཞིབ་བྱས་ཏེ།  སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་བརྟན་པོའི་ངང་འཕར་བར་འགན་ལེན་བྱས་ནས་ལོ་རེའི་ཡོང་འབབ་དེ་སྒོར་མོ་འབུམ་ལྔ་ལ་བསླེབ་པར་རྨང་གཞི་བརྟན་པོ་བཏིངས།

སྡེ་སྡོད་ཧྲུའུ་ཅི་ཆིན་ཧའེ་ཀྲིན་གྱིས་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ཁྲ་གཟེབ་ལུང་པ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་བྱེད་པའི་ཚོད་ལྟའི་སྡེ་བ་སྐོར་དང་པོ་དེ་ཡིན་པས་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་གོ་སྐབས་ལྡན་ཡོད།  ང་ཚོ་སྡེ་སྡོད་ལས་དོན་རུ་ཁག་གིས་ཁྲ་གཟེབ་ལུང་པ་སྡེ་བའི་སྣེ་ཁྲིད་དེ་གང་མགྱོགས་ཀྱིས་ཞིང་ལས་སྟོབས་ཆེར་འགྲོ་བ་དང་ཞིང་པ་ཕྱུག་པོར་འགྱུར་བ། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་འདུན་མ་མངོན་འགྱུར་བྱེད་པར་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་བཤད།

                                                             ཡིག་སྒྱུར་པ། གཡང་འབུམ་རྒྱལ།