ས་ཡོམ་གྱི་གདུག་རྩུབ་ལ་རྒོལ་བའི་བརྩེ་བའི་མེ་ལྕེ།
2023.12.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

 —རྡོ་སྦིས་ཡུལ་ཚོ་ཉ་མོ་སྡེ་བས་ཡོམ་འགོག་གནོད་སྐྱོབ་བྱས་པའི་གནས་ཚུལ་རགས་བཀོད།

“གསར་བུ་འགའ་ཤོག ཡུལ་ཚོ་སྲིད་གཞུང་གིས་བསྐྱལ་འོངས་པའི་མལ་སྟན་དང་བཟའ་བཏུང་སོགས་རླངས་འཁོར་ལས་མར་ཕོགས།”

“མ་སྲུ་ཚོས་གསར་དུ་ཕུབ་པའི་རས་གུར་ནང་མེ་ཁ་གསོས།”

“བྱིས་པ་དང་ལོ་ལོན་རྣམས་ཟ་མ་ཟ་རུ་སོང”ཞེས་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་རྡོ་སྦིས་ཡུལ་ཚོ་ཉ་མོ་སྡེ་བའི་བདེ་འགོད་ས་ཚིགས་སུ་སྲིད་གཞུང་གི་ལས་བྱེད་པ་དང་སྡེ་བའི་ཨུ་ཡོན་རྣམས་ཀྱི་སྣེ་ཁྲིད་འོག སྡེ་མི་ཚང་མས་མང་ཚོགས་བདེ་འགོད་ཀྱི་ལས་ལ་བྲེལ་ཞིང་། མཚམས་མི་ཆད་པར་རྒྱུག་བཞིན་པའི་རྒུད་སྐྱོབ་རླངས་འཁོར་དག་གིས་ཉེན་ཁ་དང་གོད་ཆག་ལ་འཕྲད་པའི་གནོད་ཐེབས་མང་ཚོགས་ལ་སེམས་གསོ་དང་རེ་བ་ཉག་ཙམ་སྦྱིན་ཨེ་ཐུབ་ལ་འབད་བཞིན་འདུག

ཉ་མོ་སྡེ་བ་ནི་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་གྱི་ཡོམ་ལྟེ་དང་བར་ཐག་སྤྱི་ལེ12ཙམ་ལས་མེད་པས། མཁར་གྱང་འགྱེལ་ཏེ་ཁང་པ་ཉེན་ཁང་དུ་གྱུར་པ་དང་ཁྱིམ་ཆས་ལ་གཏོར་བརླག་བྱུང་བ། ཕྱུགས་ཟོག་ལ་ཤི་རྨས་ཐེབས་པ་སོགས་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། གསར་འགོད་ཚན་ཆུང་ཐེངས་འདིའི་ས་ཡོམ་གྱི་གནོད་འཚེ་ཐེབས་ཚད་ཆེས་ཆེ་བའི་བོད་རིགས་སྡེ་བ་དེར་སླེབས་པ་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་ཕྲེང་ལྟར་བསྒྲིགས་པའི་རྒུད་སྐྱོབ་རས་གུར་ཡིན་ལ། རས་གུར་གྱི་མདུན་དུ་སྡེ་མི་རྣམས་ལས་ལ་བྲེལ་ཞིང་བྱིས་པ་དང་ལོ་ལོན་རྣམས་བསྟར་ཕྲེང་བསྒྲིགས་ནས་ཟ་མ་བཟའ་བར་བསྒུགས་འདུག བརྗིད་ཆགས་སྟོང་རིའི་པང་དུ་ཆགས་པའི་སྡེ་བ་དེའི་ག་ས་གང་དུ་གདུག་རྩུབ་ཆེ་བའི་ས་ཡོམ་གྱིས་གཙེས་ཏེ། ཚེ་སྲོག་གི་རྒྱུ་བ་ཆད་ལ་ཉེ་བའི་རྨས་མ་ཞིག་དང་ཀུན་ནས་མཚུངས་ནའང་། དྲོད་ཀྱིས་ཁེངས་བའི་སྦྲ་གུར་རེ་རེའི་ནང་གི་མལ་ཐུལ་དང་གློག་གདན། ལྕགས་ཐབ། རྡོ་སོལ། བཟའ་བཏུང་སོགས་ལས་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་ལྡན་མང་ཚོགས་ཀྱི་བརྩེ་བ་ཡོངས་སུ་མངོན་འདུག

ང་ཚོས་གྱང་ཆག་གི་ཞིག་རོ་རྡོག་པས་གནོན་བཞིན་ཧ་ལམ་ཁྱིམ་ཚང་ལྔ་བཅུ་ཙམ་ཞིག་ལོས་ཡོད་སྙམ་པའི་སྡེ་བ་དེར་སྐོར་བ་ཐེངས་ཤིག་བརྒྱབ་པ་ན། ལོ་ན16ཅན་གྱི་ན་གཞོན་ལྷ་མོ་རྡོ་རྗེ་དང་འཕྲད་ཅིང་ཁོས་ང་ཚོར“ཨ་མ་ད་ལྟ་ད་རུང་སྨན་ཁང་དུ་ཡོད། ཨ་ཕར་མཆིན་པ་སྲ་འགྱུར་གྱི་ནད་བྱུང་ཡོད་པས། ཁེ་ཉིན་ས་ཡོམ་བྱུང་སྐབས་སྨན་ཁང་དུ་སྨན་ཉོ་རུ་སོང་ནས་ཕྱིར་ཡོང་མེད་ལ། ང་ཡང་སློབ་གྲྭ་རུ་ཡོད་པས། ཁྱིམ་དུ་དབང་བོ་སྐྱོན་ཅན་གྱི་ཨ་མ་གཅིག་པུ་ལུས་ཡོད། སྡེ་མི་རྣམས་ཀྱི་བཀའ་དྲིན་མིན་རྒྱུ་ན་ངའི་ཨ་མའི་ཚེ་སྲོག་ཤོར་ཚར་འདུག”ཅེས་ཁོ་ཚང་གི་གནས་ཚུལ་བཤད་ཞོར་མགྲིན་པ་བརྣངས། ལྷ་མོ་རྡོ་རྗེའི་ཨ་མ་འབྲུག་མོ་མཚོ་ནི་ཐེངས་འདིའི་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་རྨས་མ་ཆེས་ལྕི་མོ་དེ་ཡིན་ལ། གྱང་ཆག་འོག་ཏུ་མནན་ཡོད་པ་ཤེས་རྗེས་སྡེ་བའི་མ་སྲུ་འགས་ས་ཡོམ་གྱི་འཇིགས་པ་རྒྱབ་ཏུ་བསྐྱུར་ཏེ་ཁོ་མོ་སྐྱོབ་པའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནའང་། རྨས་ཕོག་པ་ཚབས་ཆེ་བས་སྐྱོབ་མ་ཐུབ། མཇུག་མཐར་སྡེ་བའི་གསར་བུ་འགའ་བོས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་གྱང་ཆག་གི་འོག་ནས་ཁོ་མོ་བསྐྱབས་ཏེ་སྨན་ཁང་དུ་བསྐྱལ་ཞིང་། ད་ལྟ་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པས། མ་གཞི་ནས་འབྱོར་བ་ཞན་པའི་ཁོ་ཚང་ལ་མཚོན་ན་ཐེངས་འདིའི་ས་ཡོམ་ནི་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་དཔེ་རུ་གྱུར་ཡོད།

ས་ཡོམ་བྱུང་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་ལོ་ན90ལ་སོན་པའི་ཨ་ཡེ་ཚེ་མོས“ང་རང་ལོ90ལ་སོན་རག་བར་དུ་འདི་འདྲའི་ས་ཡོམ་ཆེན་པོ་ཞིག་བྱུང་མ་མྱོང་། དགོང་མོ་དེའི་ཆོམ་སྒྲ་དང་ཙག་སྒྲ་ནི་ད་ལྟ་ད་རུང་རྣ་ལམ་དུ་ཡལ་མེད། ཁྱིམ་གྱི་སྣོད་ཅ་ལག་ཚང་མར་ཆག་སྐྱོན་བྱུང་སྟེ། བཀོལ་ཆོག་པ་གཅིག་ཀྱང་མེད་པས། སྲིད་གཞུང་གི་རོགས་སྐྱོར་མེད་ན་ང་ཚོས་ཅི་ཞིག་བྱ”ཞེས་བསྟོད་པའི་མཐེ་བོང་སྒྲེང་བཞིན་སྲིད་གཞུང་ལ་བཀའ་དྲིན་ཞུས།

ས་ཡོམ་ལ་སྙིང་རྗེ་བྲལ་ཡང་མི་ཡུལ་དུ་བརྩེ་བས་ཁྱབ་ཡོད་པས། ས་ཡོམ་བྱུང་མ་ཐག་ས་གནས་སྲིད་གཞུང་དང་སྡེ་བའི་ཏང་ཀྲི་པུའུ་ཡིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་སེམས་སུ་བཅངས་ཏེ། སྡེ་བའི་ཁྱིམ་ཚང་རེ་རེའི་མི་ཚང་མའི་བདེ་འཇགས་དང་། ཁང་པ་དང་ཕྱུགས་ཟོག་སོགས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་ཞིབ་ཏུ་གྲལ་བཤེར་བྱས་ཤིང་། ཁྱིམ་དུ་སྡོད་ཐབས་མེད་པ་དང་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་ཆེད། སྡེ་བའི་རྒྱུན་སྡོད་ཁྱིམ་ཚང56གི་མི་གྲངས140ལྷག་གནས་སྐབས་གཅིག་བསྡུས་བདེ་འགོད་ས་ཚིགས་སུ་གནས་སྤར་བ་དང་། ཆུ་གློག་ལམ་གསུམ་དང་སྨན་བཅོས། དྲོད་འདོན། སློབ་གསོ་སོགས་ཀྱི་ཐད་ནས་ཀྱང་དུས་ཐོག་ཏུ་འགན་སྲུང་ནུས་ལྡན་བྱས་ཏེ། གྲང་ངར་རྒོད་པའི་དགུན་གཞུང་འདིར་གནོད་ཐེབས་མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་སྐྱེལ་ཅི་ཐུབ་བྱས་ཡོད། །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།