མཚོ་བྱང་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2024.01.03 ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། ཀློག་གྲངས། 5

 གྲང་རླུང་འུར་འུར་ལྡང་ཞིང་ས་སྒང་ཧྲིལ་བོ་དགུན་གྱིས་བཟུང་ཡོད། དུས་ཚིགས་འདིར་སྐྱ་ཐིང་ཐིང་གི་རྩྭ་ཐང་ལ་ཁུ་སིམ་པའི་རྣམ་པ་ཞིག་མངོན་པ་ལས་བག་ཡངས་ངང་རྩྭ་ཆུར་རོལ་བའི་ནོར་ལུག་མཐོང་རྒྱུ་མི་འདུག  འོན་ཀྱང་གནས་ཤིག་ན་ཕྱུགས་རྩྭའི་དྲི་ངད་ལྡང་བ་དང་། ཕྱུགས་ལ་ཤ་ཤེད་རྒྱས་ཤིང་འཕེལ་ཁ་དར་པའི་སྤྲོ་དགའི་ཉམས་ཀྱིས་ཕྱུག་ཡོད། དེ་ནི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དང་ཚན་རྩལ་མཉམ་འདྲེས་ཀྱི་ཚད་གཞི་མཐོ་བའི་ས་ཁུལ་སྟེ་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་རེད།

ཉེ་ལམ།  གསར་འགོད་པ་དཔེ་སྟོན་གླིང་དུ་སྐྱོད་སྐབས་མིག་ལམ་དུ་མངོན་པ་ནི་གྲལ་སྟར་འགྲིག་པའི་ལྷས་ར་དང་ཁོད་སྙོམས་པའི་ལམ་ངོས། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་བཅས་ཡིན་ཞིང་། ཚོད་ལྟ་ཁུལ་སོ་སོའི་ལྷས་རའི་ནང་ཕྱུགས་རིགས་མི་འདྲ་བ་སྣ་ཚོགས་ཀྱིས་བག་ཕེབས་ངང་གཟན་རྩྭར་རོལ་བཞིན་ཡོད། བོད་ལུག་མང་རྩེབ་གསོ་སྤེལ་ཁུལ་ནི་མི་རྣམས་དགའ་འོས་པའི་ཡུལ་སྣང་ཞིག་ཡིན་ཞིང་།  ཉེ་དུས་ནི་མཚོ་བྱང་ཁུལ་གྱི་བོད་ལུག་མང་རྩེབ་ཀྱི་དགུན་དུས་སྐྱེ་འཕེལ་དུས་སུ་ཁེལ་ཡོད་པས། མ་མོ་གཅིག་ལ་ཕལ་ཆེར་ལུ་གུ་གཉིས་ནས་གསུམ་རེ་ཡོད།   ལས་སྒྲུབ་མི་སྣ་ལུག་རའི་ནང་དུ་སོང་ནས་རྩེབ་མ་ཐག་པའི་ལུ་གུ་བདེ་ཐང་ཡིན་མིན་གྱི་གནས་ཚུལ་ལ་ཞིབ་ལྟ་དང་གཞི་གྲངས་ཟིན་ཐོར་བཀོད་ནས་ཞིབ་བསྡུར་བྱེད་བཞིན་ཡོད།

མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་ཐོན་སྐྱེད་པུའི་ཀྲུའུ་རིན་ཀྲང་ཝན་མེན་གྱིས་བཤད་རྒྱུར། “ལུ་གུ་རྩེབ་རྗེས་ཚན་རིག་དང་མཐུན་པའི་ངང་གསོ་སྤེལ་བྱས་པ་བརྒྱུད་ལུ་གུ་མང་པོ་རྩེབ་ཚད་དང་གསོན་ཚད། འཕེལ་ཚད་བཅས་ཀྱི་དམིགས་ཚད་ལོ་སྔོན་མ་ལས་མངོན་གསལ་སྒོས་ཇེ་མཐོར་སོང་ནས་མང་རྩེབ་སྐྱེ་འཕེལ་ལ་ཕན་འབྲས་བཟང་པོ་ཐོན་ཡོད”ཟེར།

ལས་སྒྲུབ་མི་སྣ་དང་གླེང་མོལ་བྱེད་སྐབས་མཚོ་བྱང་ཁུལ་མང་རྩེབ་བོད་ལུག་རྒྱུད་སྤེལ་བྱ་བ་ནི2014ལོ་ནས་མགོ་བརྩམས་ཤིང་། ད་ལྟའི་བར་དུས་ཡུན་ལོ9ཙམ་སོང་ཞིང་། ཚན་ཞིབ་ཚོགས་པས་དེང་རབས་ཆ་རྡུལ་གྱི་ལུག་རྒྱུད་སྤེལ་བའི་ལག་རྩལ་ཞིབ་དཔྱད་ཚད་ལེན་དང་སྲོལ་རྒྱུན་ལུག་རྒྱུད་སྤེལ་ཐབས་ཟུང་འབྲེལ་བྱས་པ་དང་། ཁུལ་ཡོངས་སུ་ལྟེ་བའི་ལུག་ཁྱུ2དང་རྒྱ་སྐྱེད་ལུག་ཁྱུ7བཙུགས་པ་དང་། ལུག་ཁྱུའི་གཞི་ཁྱོན4500ལྷག་ཟིན་ཞིང་། ལྟེ་བའི་ལུག་ཁྱུའི་མང་རྩེབ་ཀྱི་ཚད42.4%ནས61.36%ཟིན་ཡོད། མང་རྩེབ་བོད་ལུག་རྒྱུད་སྤེལ་བྱ་བ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ལས་གཞི་ཚན་ཞིབ་ཚོགས་པས་འགག་རྩའི་ལག་རྩལ་གྱི་དཀའ་གནད་མང་པོ་སྒྲོལ་ནས་དོ་དམ་ཆ་ཚང་གི་ལག་རྩལ་སྣ་ཚོགས་ཞིབ་འཇུག་དང་གཅིག་སྡུད་བྱས་ཏེ་སྔ་རྗེས་སུ་ཕྱུགས་རྒྱུད་གསོ་སྤེལ་དང་།   ཕྱུགས་རྒྱུད་ཐོན་ཁུངས་སྔོག་འདོན་དང་གསར་གཏོད་ཞིབ་འཇུག་ལེགས་སྒྲུབ་བྱས་པ་དང་། མང་རྩེབ་བོད་ལུག་གི་ལྟེ་བའི་ལུག་ཁྱུ་དང་རྒྱ་སྐྱེད་ལུག་ཁྱུ། ཐོན་སྐྱེད་ལུག་ཁྱུ་བཅས་རིམ་གསུམ་རྒྱུད་སྤེལ་མ་ལག་གི་ཐོག་མའི་རྣམ་པ་བཙུགས་པར་མ་ཟད། ཚོང་ལས་ཅན་གྱི་རྒྱུད་སྤེལ་རྐྱེན་སྲོལ་རགས་ཙམ་ཆགས་པ་དང་།  མང་རྩེབ་བོད་ལུག་ནི་ལུག་རྒྱུད་གསར་བའི་གསོ་སྤེལ་རིམ་པར་སླེབས་ཡོད།

འབྲོང་ཚ་ནི་སྒོ་ཕྱུགས་དང་འབྲོང་རྒྱུད་སྡེབ་པའི་རིགས་ཤིག་ཡིན། མཐོ་སྒང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཕྱུགས་རྒྱུད་ཅིག་ཡིན་པས་ཁོར་ཡུག་མཐུན་འཕྲོད་རང་བཞིན་ཆེན་པོ་ལྡན།   དེ་ནི་གཟུགས་སྟོབས་ཆེ་ལ་འཚར་ལོངས་མགྱོགས་པ་དང་གྲང་འགོག་ནུས་པའང་སྤྱིར་བཏང་གི་སྒོ་ཕྱུགས་ལས་ཁྱད་དུ་འཕགས་པས་རྒྱུད་བཟང་ལེགས་བསྒྱུར་བྱེད་པའི་ཆེས་བཟང་པའི་ཕྱུགས་རྒྱུད་ཡིན་ལ་དཔལ་འབྱོར་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན།

ལས་སྒྲུབ་མི་སྣ་ཝང་ཝུའེ་དབྱིན་གྱིས་བཤད་རྒྱུར།  གླིང་ཁུལ་གྱིས་དཔེ་སྟོན་ཁྱབ་གདལ་བཏང་བའི་ནོར་གནག་གི“ལོ་གཅིག་ལ་བེའུ་གཅིག”གི་ཕན་ནུས་ཆེ་བའི་གསོ་སྤེལ་ལག་རྩལ་གྱིས་ནོར་གནག་རྒྱུད་སྤེལ་དུས་ཡུན་ནུས་ལྡན་ངང་ཇེ་ཐུང་དུ་བཏང་ཡོད།  ལག་རྩལ་དེས་ནོར་གནག་གི་འཚོ་བཅུད་སྙོམས་སྒྲིག་དང་རྒྱུད་སྤེལ་སྟངས་འཛིན། གསོ་སྤེལ་དོ་དམ། ནད་ཡམས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལག་རྩལ་སྤྱད་དེ་མཐོ་སྒང་འབྲོག་ཁུལ་གྱི་ནོར་གནག་ལ་སྤྱོད་རྒྱུར་འཚམ་པའི་ནུས་ཆེའི་ཐོན་སྐྱེད་བྱེད་སྟངས་གསར་པ་ཞིག་བཏོད་པས། ནོར་གནག་སྐྱེ་འཕེལ་གྱི་ཚད་སྔོན་ཆད་ཀྱི40%ཙམ་ནས80%ཡན་བར་ཇེ་མང་དུ་ཕྱིན་ནས་གསོ་སྤེལ་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་ཟེར།

དཔེ་སྟོན་གླིང་གི་ཚན་ཞིབ་གྲུབ་འབྲས་མང་པོ་ཞིག་ལ་བལྟས་ཚེ། བོད་ལུག་གི་ལོ་གཉིས་ནང་ལུ་གུ་གསུམ་སྐྱེ་འཕེལ་གྱི་ཕྱོགས་བསྡུས་ལག་རྩལ་ཆ་ཚང་གཅིག་སྡུད་དང་དཔེ་སྟོན་ཁྱབ་གདལ་བཏང་བ་ལས་ཚན་ཞིབ་མི་སྣར་གྲུབ་འབྲས་ཐོབ་པའི་སྤྲོ་སྣང་ཚོར་ཐུབ་པར་མ་ཟད།   ད་དུང་ནོར་གནག་ལ“ལོ་གཅིག་ནང་བེའུ་གཅིག་རྩེབ་པའི”ནུས་ཆེའི་གསོ་སྤེལ་ལག་རྩལ་དཔེ་སྟོན་ཁྱབ་གདལ་བཏང་བ་ལས་ནོར་གནག་ཐོན་ལས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེ་རུ་འགྲོ་བར་སྐུལ་ཁྲིད་ཐུབ་པར་མ་ཟད། ཚན་ཞིབ་མི་སྣར་ཐོབ་སྣང་ཡང་བྱུང་ཡོད།

རྟ་རྒྱུད་གསོ་སྤེལ་ཁང་དུ་སྐྱོད་སྐབས་གཟན་རྩྭའི་དྲི་ངད་གང་སར་འཐུལ་བཞིན་འདུག  ལས་བཟོ་པ་ཁྲེན་དབྱིན་ཧའེ་ཡིས་གཟན་རྩྭ་བསྡུ་གཉེར་བྱེད་བཞིན་འདུག  ཁོས་ང་ཚོར་དཔེ་སྟོན་གླིང་གི་རྟ་རིགས་དང་ལོ་ཚད་སོགས་ཀྱི་ཁྱད་ཆོས་དང་རྟའི་རྒྱུན་ལྡན་གྱི་གསོ་སྤེལ་དོ་དམ།   རྟ་འདུལ་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གི་གནས་ཚུལ་བཅས་ངོ་སྤྲོད་ཞིབ་མོ་བྱས།

ཀུན་གྱིས་ཤེས་གསལ་ལྟར། མཚོ་བྱང་གི་རྟའི་ཐོན་སྐྱེད་འཕེལ་རྒྱས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྨང་གཞི་བརྟན་པ། མཚོ་བྱང་ནས་ཐོན་པའི་འཇུ་ལག་རྟ་ལ་མཚོན་ན། ཁྱད་དུ་འཕགས་པའི་སྡུག་རུས་དང་སྤྱང་གྲུང་འཛོམས་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། 2018ལོར་འཇུ་ལག་རྟ་དེ《ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཁག་ལྔ་པའི་མིང་ཐོའི》ནང་བཅུག་པ་དང་། རྟའི་རིག་གནས་དེ་མཚོ་བྱང་གི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གྲུབ་ཆར་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

གསོ་སྤེལ་མཁན་ཁྲིན་དབྱིན་ཧའེ་ཡིས་བཤད་རྒྱུར། “རྟའི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་ནི་མཚོ་བྱང་ཁུལ་གྱི་དམིགས་བསལ་ཐོན་ཁུངས་ལ་གཞི་ཚུགས་པ་དང་རོང་འབྲོག་པའི་ཡོང་འབབ་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱེད་ཐབས་གལ་ཆེན་ཞིག་ཡིན།  ང་ཚོས་རྟའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་རྨང་གཞི་དང་འཇུ་ལག་རྟའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་རྒྱུད་བཟང་གསོ་སྤེལ་དང་ལེགས་སྒྱུར། སྲུང་སྐྱོབ་བེད་སྤྱོད་བཅས་ལ་ཤུགས་བསྣན་ཏེ་རྟའི་ཐོན་སྐྱེད་སྐྱོན་བྲལ་དང་མ་འོངས་པའི་འཕེལ་རྒྱས་ལ་འགན་ལེན་ཡག་པོ་བྱེད་དགོས།” ཟེར།

མི་ཚང་མས་ཚན་རྩལ་ནི་ཕྱུགས་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྲོག་ཤིང་ཡིན་ཞེས་བརྗོད་ཀྱིན་ཡོད། དེ་ལས་ཐོན་པའི་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ནི་ཚན་རྩལ་དང་རང་བྱུང་། སྲོལ་རྒྱུན་དང་དེང་རབས། ཐོན་སྐྱེད་དང་སྐྱེ་ཁམས་བཅས་མཉམ་འདྲེས་གང་ལེགས་བྱུང་བའི་དཔེ་མཚོན་ཞིག་རེད། མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ནི2012ལོར་བསྐྲུན་ལ།  ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་བ་དང་ རྒྱ་ཁྱོན་ལ་མུའུ260ཡོད། བོད་ལུག་དང་ནོར་གནག་རྒྱུད་བཟང་འདེམས་པ། རྒྱུད་བཟང་གསོ་སྤེལ་བྱེད་པ།  ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གཟན་རྩྭ་འདེབས་འཛུགས་ལས་སྣོན་སོགས་གཙོ་བོར་བྱས་ནས་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་ཁྱབ་གདལ་གྱི་བྱ་བ་སྤེལ་ཞིང་། རིམ་རྩིས་བྱས་ན་ཚན་རྩལ་ལས་གཞི20ལྷག་ལག་བསྟར་བྱས་པས་སྔ་རྗེས་སུ་ཚན་རྩལ་བྱ་དགའ་དང་གཟི་བརྗིད་མཚན་སྙན། ཚན་རྩལ་གྲུབ་འབྲས་ཀྱང་མང་པོ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། དཔེ་སྟོན་གླིང་གིས་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ལུག་དང་ནོར་གནག་གི་ཕྱུགས་རྒྱུད་ གསོ་སྤེལ་བྱ་བ་སྒྲུབ་ཤུགས་ཆེ་རུ་བཏང་བ་དང་། བོད་ལུག་མང་རྩེབ་དང་རྩིད་ཤོམ་ནོར་གནག ལུག་ནག་སོགས་ཕྱུགས་རྒྱུད་ཀྱི་ཐོན་ཁུངས་སྔོག་འདོན་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་བྱས་ནས། སྒོ་ཕྱུགས་རྒྱུད་འཛིན་ཐོན་ཁུངས་ཀྱི་ཕྱུགས་རྒྱུད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་། མིག་སྔར། ཁུལ་ཡོངས་སུ་ཁུལ་རིམ་པའི་རྒྱུད་བཟང་གསོ་སྤེལ་ལྟེ་གནས1དང་། རྫོང་རིམ་པའི་རྒྱུད་བཟང་གསོ་སྤེལ་ར་བ9། ཡུལ་ཚོ་རིམ་པའི་གསོ་སྤེལ་རྟེན་གཞི15བཅས་ཡོད་ཅིང་། ཁུལ་ཡོངས་ཀྱི་འབྲོག་སྡེ77ལ་ཁྱབ་ཡོད། ལྟེ་བའི་ཕྱུགས་ཁྱུར་རྩེབ་ལོ་རན་པའི་མོ་ཕྱུགས་འབུམ་གཅིག་ཙམ་གསོག་འཇོག་བྱས་ཤིང་། རྒྱུད་བཟང་ཅན་དུ་འགྱུར་ཚད98%ཡན་ལ་སླེབས་ཡོད།  "ཁུལ་ལ་དཔེ་སྟོན་ར་བ་ཡོད་པ་དང་རྫོང་ལ་གསོ་སྤེལ་ལྟེ་གནས་ཡོད་པ། ཡུལ་ཚོ་རུ་ལྟེ་བའི་ཕྱུགས་ཁྱུ་ཡོད་པ། སྡེ་བར་དཔེ་སྟོན་ཁྱིམ་ཚང་ཡོད་པ"བཅས་རིམ་པ་བཞིའི་རྒྱུད་བཟང་གསོ་སྤེལ་མ་ལག་བཙུགས་པ་དང་། ཁུལ་ཡོངས་ཀྱིས་ལོ་རེར་ཁུལ་ཕྱི་ནང་དུ་རྒྱུད་བཟང་ཕྱུགས་རིགས་ཁྲི་གཅིག་དང་སྟོང་ལྔ་ལྷག་སྐྱེལ་འདྲེན་བྱེད་བཞིན་ཡོད་པས། ཞིང་ཆེན་ནང་ཁུལ་གྱི་མཐོ་སྒང་བོད་ལུག་དང་ནོར་གནག་རྒྱུད་སྤེལ་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

དཔེ་སྟོན་གླིང་གི་ཕྱུགས་རིགས་འགྲེམས་སྟོན་ཁུལ་དུ་སྐྱོད་སྐབས། མཐོ་སྒང་བོད་ལུག་དང་མང་རྩེབ་བོད་ལུག ལུག་ནག་སོགས་དང་མཐོ་སྒང་གི་ནོར་གནག་དང་མཚོ་སྐོར་ནོར་གནག   ནོར་དཀར་སོགས་ས་གནས་ཀྱི་ཕྱུགས་རིགས10ལྷག་མཐོང་ཐུབ་པར་མ་ཟད།  ད་དུང་རྟ་དང་ཤྭ་ཁྲ། གླ་བ། རྔ་མོང་། རྩྭ་ཕག  བྱ་སོགས་ཁྱད་ཆོས་ལྡན་པའི་དཔལ་འབྱོར་དཔེ་སྟོན་གྱི་རིགས་སྣ་ཡང་མཐོང་ཐུབ། དེ་དག་ཚང་མ་ནི་ཉེ་བའི་ལོ་ཤས་རིང་དཔེ་སྟོན་གླིང་གིས་ཚན་ཞིབ་ཚན་རྩལ་ཁྱབ་གདལ་རྟེན་གཞིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཞིང་ཕྱུགས་སྐྱེ་ཁམས་ཉམས་ལེན་རྟེན་གཞི་བསྐྲུན་ཆེད། ཞིང་ཕྱུགས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་འཚོལ་ཞིབ་བྱས་ནས་སྤེལ་བའི་བྱ་བ་མང་པོའི་ཁྲོད་ཀྱི་དཔེ་དབྱིབས་ཞིག་རེད།

རྒྱུད་བཟང་ཕྱུགས་རྒྱུད་གསོ་སྤེལ་ཁྱབ་གདལ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ། ཚན་རིག་དང་མཐུན་པའི་གསོ་སྤེལ་དཔེ་སྟོན་བཅས་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་སུ་བསྒྱུར་བ་དང་། གོམ་པ་རེ་རེ་བཞིན་གསར་བཅོས་བྱས་པའི་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གིས་མཚོ་བྱང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཤིང་། ཚན་རྩལ་གྱི་སྒུལ་ནུས་སྔར་ལས་མང་བ་སྤྲད་དེ་ཚན་རྩལ་དང་ཐོན་ལས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་སྟེ། ལག་རྩལ་གྲུབ་འབྲས་སྔར་ལས་མང་བ་ཞིག་མཚོ་བྱང་གི་ཞིང་ཕྱུགས་གཡུལ་ས་དང་པོར་གཞན་སྒྱུར་ཁྱབ་གདལ་བཏང་ནས་མཚོ་བྱང་གི་སྐྱེ་ཁམས་ཕྱུགས་ལས་དེ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།