མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ལུང་བཟང་ཡུལ་ཚོ་དམར་མོ་སྡེ་བའི་མཉམ་ལས་ཁང་གིས་ཐོན་རྫས་སྣ་ཚོགས་ལས་སྣོན་བྱས་ཏེ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ལུང་བཟང་ཡུལ་ཚོ་དམར་མོ་སྡེ་བས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབ་བྱས་ཏེ། འབྲོག་པའི་ཕྱུགས་ལས་ཐོན་ལས་ཚུལ་སྒྱུར་བྱས་པ་དང་། ཐོན་རྫས་ལས་སྣོན་དང་ཐུམ་རྒྱག་སོགས་ཀྱི་ཐབས་ལ་བརྟེན་ནས། སྡེ་བའི་མཉམ་ལས་ཁང་གི་ཁེ་གཉེར་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ཤིང་། ལོ་རེའི་ཡོང་འབབ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་སུ་སླེབས་ཡོད་པ་མ་ཟད། སྡེ་དམངས་ཀུན་གྱི་སྨན་བཅོས་འགན་སྲུང་དང་རྒན་གསོ་མ་དངུལ་གྱི་འགྲོ་གྲོན་དག་ཀྱང་མཉམ་ལས་ཁང་གི་ཡོང་འབབ་ཁྲོད་དུ་གཏོང་སྤྲོད་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད།
ལུང་བཟང་ཡུལ་ཚོ་དམར་མོ་སྡེ་བ་ལ་ཁྱིམ་ཚང་བརྒྱད་ཅུ་དང་མི་གྲངས་སུམ་བརྒྱ་ང་བཞི་ཡོད། དམར་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་ནི་ཉིས་སྟོང་ཉེར་གཅིག་ལོར་བཙུགས་ཤིང་། གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་མ་དངུལ་སྒོར་ས་ཡ་བཞི་ལྷག་གི་རྒྱབ་སྐྱོར་ལ་བརྟེན་ནས། དམར་མོ་སྡེ་བས་སྡེ་བ་གཅིག་ལ་ཐོན་ལས་གཅིག་དང་ས་ཁུལ་གཅིག་ལ་ཁྱད་ཆོས་གཅིག་རེའི་རེ་བ་གཞིར་བཟུང་སྟེ། སྡེ་བའི་ཕྱུགས་ལས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས། ནོར་ཤ་ཡི་ཐོན་རྫས་སྣ་དགུ་དང་ལུག་ཤ་ཡི་ཐོན་རྫས་སྣ་དགུ་བཅས་བསྡོམས་པས་ཐོན་རྫས་བཅོ་བརྒྱད་ལྷག་ལས་སྣོན་དང་ཐུམ་རྒྱག་བྱས་ཏེ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཁྲོམ་རར་ཁ་གཏད་ནས་འཛད་སྤྱོད་པ་དག་གི་དགོས་མཁོ་བསྐང་ཅི་ཐུབ་བྱེད་ཀྱིན་ཡོད་པ་མ་ཟད། སྡེ་བ་རང་གི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གི་ཡོང་འབབ་ཀྱང་བླ་ལྷག་གིས་འཕར་འདུག མཉམ་ལས་ཁང་གི་ལྟ་ཞིབ་འགན་འཛིན་པ་རྡོ་རྗེ་འབུམ་གྱིས་བཤད་རྒྱུར།
ལུང་བཟང་ཡུལ་ཚོ་དམར་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་ལ་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི། ང་ཚོའི་མཉམ་ལས་ཁང་གིས་གཙོ་བོ་ཐོན་རྫས་ཅན་དུ་བསྒྱུར་ཡོད་པ་དང་། ཐོན་རྫས་ཀྱི་རིམ་པའི་ཐད་ནོར་ཤ་སྣ་དགུ་དང་ལུག་ཤ་སྣ་དགུ་ཡོད། ཕྱིར་འཚོང་གི་ཐད་དྲ་ལམ་ནས་ཞིང་ཆེན་གཞན་པའམ་ས་གནས་སོ་སོར་ཁྱབ་བསྒྲགས་བྱས་ཏེ་བཙོང་བཞིན་ཡོད། 2023ལོར་ཕྱིར་བཙོང་གི་ཡོང་སྒོ་སྒོར་ས་ཡ་གཅིག་དང་ཁྲི་གཉིས་ལྷག་ཡོད་པ་དང་། 2022ལོར་ཡོང་སྒོ་སྒོར་འབུམ་གསུམ་དང་ཁྲི་དྲུག་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་ན་ནིང་ཐོན་རྫས་ཅན་དུ་བསྒྱུར་མེད་པ་དང་ད་ལྟ་ཐོན་རྫས་ཅན་དུ་བསྒྱུར་ཡོད་པས་ཡོང་སྒོ་མངོན་གསལ་རེད། མ་འོངས་པ་ན་དྲ་ལམ་ཐད་གཏོང་དང་ཚོང་ཁང་མང་པོར་བསྐྱལ་ནས་ཕྱིར་བཙོང་བྱས་ན་ཡོང་སྒོ་སྔར་ལས་མང་པོ་ལེན་ཐུབ་པའི་ཡིད་ཆེས་ཡོད།
དམར་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་ལ་ཁྱིམ་ཚང་ཀུན་གྱིས་བསྡོམས་པས་ལུག་སུམ་བརྒྱ་དང་ནོར་བརྒྱ་དང་དོན་གཉིས་མ་རྐང་དུ་བཞག་ཡོད་ལ། མཉམ་ལས་ཁང་གི་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་རེད། འབྲོག་པ་རྣམས་ལ་མཚོན་ན་འབྲོག་ལས་རིག་གནས་དང་ཕྱུགས་གཉེར་ཉམས་མྱོང་འཛོམས་པོ་ཡིན་པས། ཕྱུགས་ནད་བཅོས་སྐྱོང་བྱེད་དུས་སྲོལ་རྒྱུན་གྱི་ཐབས་ཤེས་སྣ་ཚོགས་སྤྱད་དེ། ལྗང་མདོག་ཐོན་རྫས་ཀྱིས་འཛད་སྤྱོད་པའི་ཟས་རིགས་བདེ་འཇགས་ངོས་ཐད་ལའང་ནུས་པ་ཆེན་པོ་བཏོན་དང་འདོན་མུས་སུ་མཆིས། དེའི་ངོས་ཐད་ནས་སྡེ་མི་བསམ་འགྲུབ་རྒྱལ་གྱིས་བཤད་རྒྱུར།
ཤ་འདིའི་ཁྱད་ཆོས་གཙོ་བོ་ནི་ཤ་གསིལ་པའི་ཐད་སོག་ལེ་ཡིས་དྲས་པ་དང་མི་འདྲ་བར་འབྲོག་པའི་ཁྱད་ཆོས་ལྟར་ལྷུ་ཚིགས་རེ་རེ་བཞིན་གསིལ་བཞིན་ཡོད་པ་དང་། དེ་ལྟར་བྱས་ན་ཤའི་བྲོ་བ་མི་འདྲ། དེ་མིན་ནོར་ལ་གསོ་བཅོས་བྱེད་དགོས་ཚེ། མི་རིགས་རང་གི་སྲོལ་རྒྱུན་གྱི་ཐབས་ཤེས་ལག་བསྟར་བྱས་ན་སྨན་བཀོལ་མི་དགོས་པ་དང་། སྨན་མ་བཀོལ་བར་མདོ་དབུས་མཐོ་སྒང་གི་རྩྭ་ཟོས་པའི་ཤ་ལྷད་མེད་ཞིག་ཡིན་ངེས།
དམར་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གི་ནང་དུ་སྡེ་བའི་སློབ་ཆེན་མཐར་ཕྱིན་སློབ་མ་དག་ཕྱིར་ཡོང་ནས། འཇོན་ཐང་མི་སྣས་ཕྱིར་རང་གི་ཕ་ཡུལ་ལ་ཞབས་འདེགས་ཞུ་བ་དང་། ཕ་ཡུལ་གྱི་ཐོན་ཁུངས་དགེ་མཚན་བེད་སྤྱད་ནས་གྲོང་གསེབ་དར་སྤེལ་བྱེད་པར་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་འདུག མཉམ་ལས་ཁང་གི་ལས་བཟོ་པ་ཚེ་རིང་གིས་བཤད་རྒྱུར།
2020ལོར་རང་ཉིད་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། སྐབས་དེར་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྒང་རེད། སློབ་གྲྭ་ཆེན་མོ་བར་མཚོན་ན་འདི་ནི་གོ་སྐབས་བཟང་བོ་ཞིག་ཡིན་ལ། དེ་བས། རང་ཉིད་ཀྱིས་མཉམ་ལས་ཁང་གི་ལས་རྐང་འདི་ནས་འབད་བརྩོན་བྱས་ན། མ་འོངས་པར་རང་གི་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ཐད་ཆོད་སེམས་བརྟན་པོ་ཡོད།
ལུང་བཟང་ཡུལ་ཚོ་དམར་མོ་སྡེ་བས་ཏང་ཡོན་དག་གིས་སྣེ་ཁྲིད་ཅིང་། ས་གནས་རང་གི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། ཐོན་རྫས་སྣ་ཚོགས་ལས་སྣོན་བྱས་ཏེ། སྡེ་བའི་མང་ཚོགས་ཀྱི་འཚོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། རྫོང་ཡོངས་ཀྱི་འབྲོག་ལས་ཐོན་ལས་ཁེ་གཉེར་ལ་དཔེ་སྟོན་གྱི་ནུས་པ་ཆེན་པོ་ཐོན་འདུག
མཉམ་ལས་ཁང་གི་ཐོན་རྫས།
གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།