དོན་དངོས་ཀྱིས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་བརྩེ་བ་ཟབ་མོས་དར་སྤེལ་ལ་སྐུལ་འདེད་བཏང་།
2024.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

“དོན་དག་ཡོད་ན་ཧྲུའུ་ཅི་ལི་ལགས་འཚོལ་བར་ཤོག” ལོ་འདི་གཉིས་ནང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མི་དཀའ་ངལ་ལ་འཕྲད་ན་ཐོག་དང་པོར་སེམས་ལ་དྲན་པ་ནི་ལི་ཀྲི་པེན་ཡིན་པ་དང་། དེ་ནི་ཁོ་རང་སྡེ་བའི་མི་ཚེགས་ཡང་ཞིག་ཡིན་པའི་རྐྱེན་རེད། བོད་སྐད་བཤད་མི་ཤེས་པའི་ཧྲུའུ་ཅི་དང་པོ་ཁོ་དང་སྡེ་མི་རྣམས་ཁྱིམ་ཚང་གཅིག་གི་ཡིན་པ་ལྟ་བུའི་ངོ་ཤེས་ཤིག་ཏུ་གྱུར་ཡོད།

སྡེ་བའི་ནང་དུ་གདང་ལའི་ནོར་གནག་དང་བོད་ལུག་ཞིབ་ཚགས་ཀྱིས་ལས་སྣོན་བྱེད་པའི་རྟེན་གཞི། འབྲི་ཆུའི་འགོ་ཁུངས་ཀྱི་བོད་ཁྱིམ་དམངས་སྲོལ་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་སྔ་རྗེས་སུ་བཀལ་ནས་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དང་། ཟ་ཁང་དང་། ཇ་ཁང་། གྱོན་ཆས་ཚོང་ཁང་། རྒྱན་ཆས་ཚོང་ཁང་། དམངས་སྲོལ་མགྲོན་ཁང་སོགས་ཀྱི་ཚོང་ཁང་ཇེ་མང་ནས་ཇེ་མང་དུ་གྱུར་བ་དང་། མི་སྡོད་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར། ལོ་འདི་གཉིས་ཀྱི་རིང་ལ། འབྲི་ཆུའི་འགོ་ཁུངས་སྡེ་བའི་རྣམ་པ་ལོ་རེར་འགྱུར་བཞིན་ཡོད་པ་དང་། ཉིན་རེར་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད་ལ། འདི་དག་ཐམས་ཅད་ནི་ལི་ཀྲི་པེན་དང་ལས་གྲོགས་ཚོའི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད།

“སྡེ་བར་སྡོད་པའི་བྱ་བ་ནི་ཏན་ཏན་ཏིག་ཏིག་ཡིན་དགོས་པ་དང་། དོན་དངོས་ཀྱིས་ཡུལ་མི་ཚོར་རང་གི་ནུས་ཚོད་ཀྱིས་བྱ་བ་སྒྲུབ་ཏེ་ཚང་མ་ཡིད་ཚིམས་སུ་བཅུག” ལོ་གཉིས་རིང་ལ་སྡེ་བར་བསྡད་པའི་བྱ་བའི་མྱོང་ཚོར་སྐོར་གླེང་སྐབས་ལི་ཀྲི་པེན་གྱིས་དེ་ལྟར་བཤད། 2021ལོའི་ཟླ7པར་སྡེ་བའི་ནང་བྱ་བ་སྒྲུབ་དུ་ཡོང་བའི་རྣམ་པར་ཕྱིར་དྲན་བྱེད་སྐབས། ལི་ཀྲི་པེན་གྱིས་སྐབས་དེར་གཞི་རིམ་གྱི་བྱ་བར་འབྲེལ་འདྲིས་བྱས་མ་མྱོང་བའི་རྐྱེན་གྱིས་སྡེ་སྡོད་བྱ་བའི་འགོ་ཇི་ལྟར་བརྩམ་དགོས་པ་མི་ཤེས་པ་དང་། ཁོས་ཤེས་པ་ནི་བྱ་བ་འདིའི་འགན་འཁྲི་ཧ་ཅང་ཆེན་པོ་ཡིན་པས། ངེས་པར་དུ་སེམས་ཤུགས་ཡོད་ཚད་ཕུལ་ནས་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན་པ་དྲང་མོར་བཤད།

“སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས་ཅི་ཞིག་བསྒྲུབ་དགོས་པ་དང་། ཅི་ཞིག་བསྒྲུབ་ཐུབ་པ། ཇི་ལྟར་བསྒྲུབ་དགོས་པ་སོགས་ནི་སྐབས་དེར་བསམ་གཞིགས་བཏང་བ་ཆེས་མང་པོའི་གནད་དོན་ཞིག་རེད” ཅེས་ལི་ཀྲི་པིན་གྱིས་བཤད།

སྡེ་བའི་གནས་ཚུལ་ལ་ཤེས་རྟོགས་གང་ལེགས་བྱེད་ཆེད། ལི་ཀྲི་པེན་གྱིས་ལས་འགན་འཁུར་རྗེས་སྡེ་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་སྡེ་བའི་བྱ་བ་སྤེལ་བའི་འཇུག་གཞི་དང་པོ་རུ་བརྩིས་ནས་རང་འགུལ་གྱིས་ཀྲིན་པའོ་སྡེ་བའི་འགོ་ཁྲིད་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཟླ་གསུམ་གྱི་དུས་ཚོད་བཀོལ་ཏེ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་དང་ཉེར་གཅིག་གི་སྡེ་མིར་འབྲེལ་འདྲིས་བྱས་ཏེ།ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་གནས་པའི་དངོས་ཡོད་དཀའ་ངལ་ལ་རྒྱུས་ལོན་བྱས་ནས་ཁོ་ཚོས་འབྲི་ཆུའི་འགོ་ཁུངས་སྡེ་བ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་བསམ་འཆར་དང་གྲོས་གཞི་ཟིན་ཐོར་བཀོད།

“དུས་སྐབས་དེར། ཧྲུའུ་ཅི་ལི་ལགས་དུས་རྒྱུན་སྡེ་མིའི་ཁྱིམ་དུ་འོང་ནས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ངེས”ཞེས་སྡེ་བའི་ཏང་ཡོན་རྒན་པ་སྐལ་བཟང་སྐྱབས་ཀྱིས་དེ་ལྟར་བཤད།

ཡུན་རིང་བོར་འབྲེལ་འདྲིས་བྱས་པ་བརྒྱུད། ལི་ཀྲི་པེན་གྱིས་སྡེ་བའི་གནས་ཚུལ་མ་ལུས་ཁོང་དུ་ཆུད་པ་དང་། རྗེས་ཀྱི་སྡེ་སྡོད་དབུལ་སྐྱོར་བྱ་བར་རྨང་གཞི་བརྟན་པོ་བཏིངས། དེ་དང་ཆབས་ཅིག་ཏུ། ཐེངས་མང་པོར་ཁྱིམ་ཚང་དུ་བསྐྱོད་པ་དེས་སྡེ་མི་རྣམས་རྒྱུས་མེད་ཀྱི་ཕྱི་ཡོང་མི་སྣ་དེ་ལ་རྒྱུས་མངའ་ཡོད་པར་གྱུར།

ཇི་ལྟར་བྱས་ན་གཞི་ནས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་ཐུབ་བམ། ཇི་ལྟར་བྱས་ན་གཞི་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་བམ། སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ལི་ཀྲི་པེན་དང་སྡེ་བའི “ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མཉམ་གཅིག་ཏུ། ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་ཞིབ་འཇུག་ནན་ཏན་དང་འཆར་འགོད་བྱས་མཐར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲི་ཆུའི་འགོ་ཁུངས་སྡེ་བའི་ལེགས་ཆར་ཟུང་འབྲེལ་བྱས་ཏེ། ལྗང་མདོག་གི་སྐྱེ་ལྡན་ནོར་ལུག་ཤ་རིགས་ལས་སྣོན་ཕྱིར་འཚོང་དང་གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་བགྲོད་ལམ་གཏན་འཁེལ་བྱས།

“རི་མགོའི་ནོར་ལུག་གི་ཤ་ཉོས་ནས་སྡེ་བའི་ནོར་ལུག་གི་ཤ་ལས་སྣོན་འཁོར་ཁང་ནས་ལས་སྣོན་བྱས་རྗེས། ཕྱིར་འཚོང་བྱས་པ་དང་། དེས་ཕྱོགས་གཅིག་ནས་སྡེ་མིའི་ལས་ཞུགས་གནད་དོན་དང་སྡེ་བའི་ཐུན་མོང་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱས་ལ། ཕྱོགས་གཞན་ཞིག་ནས་གདང་ལ་གྲོང་རྡལ་གྱི་སྡེ་བ་གཞན་པའི་ནོར་ལུག་གི་ཤ་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་ཡིན། དེ་ལྟར་བྱས་ན། ང་ཚོ་སྡེ་བའི་ཐོན་ལས་འཕེལ་རྒྱས་ཡོང་ཐུབ་པ་དང་། ད་དུང་སྡེ་བ་གཞན་པ་དྲུག་གི་འཕེལ་རྒྱས་ལའང་སྐུལ་འདེད་བྱེད་ཐུབ་ཅེས་ལི་ཀྲི་པེན་གྱིས་དེ་ལྟར་བཤད།

སྔར་ལས་ལྷག་པའི་སྒོ་ནས་ནོར་ལུག་གི་ཤ་ཕྱིར་འཚོང་བྱེད་ཆེད། ལི་ཀྲི་པེན་དང་ལས་གྲོགས་ཚོས་དྲ་ཐོག་དང་ཡུལ་དངོས་གཉིས་ནས་དུས་གཅིག་ཏུ་ཕྱིར་འཚོང་བྱེད་པའི་ཐབས་ལམ་སྤྱད་དེ། མཚོ་བོད་སྤུས་ལེགས་གློག་རྡུལ་དྲ་ཐོག་ཚོང་ལས་སྟེགས་བུ་དང་འབྲེལ་མཐུད་བྱས་ནས་མཉམ་ལས་གྲོས་མཐུན་བཞག་སྟེ། སྐྱེ་ལྡན་ནོར་ལུག་གི་ཤ་དྲ་ཚོང་བརྒྱུད་དེ་ནང་ལོག་ཏུ་ཕྱིར་འཚོང་བྱས། ན་ནིང་། སྡེ་བས་ཐུན་མོང་མ་དངུལ་སྒོར་མོ་ས་ཡ་གཅིག་ལྷག་མ་མ་རྩར་བཏང་སྟེ། ནོར་ལུག་གི་ཤ་སྤྱི་རྒྱ་ཁྲི་གསུམ་ལྷག་ཉོས་ནས་སྒོར་མོ་འབུམ་གཉིས་ཀྱི་ཁེ་སྤོགས་བླངས་པ་དང་། དེས་སྡེ་བའི་མང་ཚོགས་ཀྱི་སེམས་ལ་སྤོབས་པ་སྦྱིན་པར་མ་ཟད། འབྲི་ཆུའི་འགོ་ཁུངས་སྡེ་བའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཤན་ཤུགས་དང་ཚོང་རྟགས་ཕན་འབྲས་ཡང་རྒྱ་སྐྱེད། ཁོས་ད་དུང་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་ལྟེ་གནས་དང་ནོར་ལུག་གི་ཤ་ལས་སྣོན་བྱེད་སའི་འཁོར་ཁང་རིམ་སྤོར་གྱི་བཅོས་སྒྱུར་ལས་གཞི་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། གདང་ལ་ཡི་ནོར་གནག་དང་བོད་ལུག་ཞིབ་ཚགས་ལས་སྣོན་བྱེད་པའི་ཆུ་ཚད་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་།

དེ་དང་ཆབས་ཅིག ལི་ཀྲི་པེན་དང་ལས་གྲོགས་ཚོས་ད་དུང་ལས་གཏོད་ཕུགས་འདུན་ཡོད་པའི་སྡེ་མིར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཆར་འགོད་བྱས་ཏེ། དམིགས་བསལ་ཁ་གསབ་སྲིད་ཇུས་སོ་སོ་རེ་ཞུ་བྱས་པ་དང་། འབྲེལ་ཡོད་ལས་གཉེར་དཔང་ཡིག་དང་འགྲོ་ལུགས་སྒྲུབ་པར་རོགས་རམ་བྱས་ཏེ། སྡེ་མིའི་ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་སྐུལ་སློང་བྱས། ད་ལྟ། སྡེ་མི་ཉི་ཞ་ཚང་གི་གྱོན་ཆས་ཚོང་ཁང་དང་། སྐལ་བཟང་ཚང་གི་ཟ་ཁང་། ནོར་བཟང་མེ་ཏོག་ཚང་གི་དམངས་སྲོལ་མགྲོན་ཁང་སོགས་ནི་སྡེ་བས་སྐྲུན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ལས་སྲང་ལམ་དུ་ཡུག་གཅིག་ལས་གཉེར་བྱེད་ས་ཞིག་ཡིན་པ་དང་། དེ་ཡིས་སྡེ་མིས་ཡོང་སྒོ་འཕར་སྣོན་བྱུང་ཡོད་པར་མ་ཟད། ད་དུང་འབྲི་ཆུའི་འགོ་ཁུངས་སྡེ་བའི་གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད་པ་རེད།

“ཚོང་ཁང་གི་སྒོ་ཕྱེ་སྐབས། ཧྲུའུ་ཅི་ལི་ལགས་ང་ཚོའི་དོན་ལ་ཡར་རྒྱུགས་མར་རྒྱུགས་མང་པོ་བྱས་པ་དང་། རོགས་སྐྱོར་མང་པོ་བྱས་པས། ངོ་མ་བཀའ་དྲིན་ཆེ་ཞུ”ཞེས་ཉི་ཤ་ཡིས་དེ་ལྟར་བཤད།

སྡེ་བའི་ཐུན་མོང་དཔལ་འབྱོར་དོན་འཁྱོལ་བྱུང་ཡང་། ད་དུང་དཀའ་ངལ་ཆེ་བའི་མང་ཚོགས་ཁ་ཤས་ལ་དབུལ་སྐྱོར་དང་རོགས་སྐྱོར་འདོན་སྤྲོད་བྱེད་དགོས། དེ་བས། ལི་ཀྲི་པེན་གྱིས་ཉིན་རྒྱུན་གྱི་སློབ་སྦྱོང་ལ་ཤུགས་སྣོན་པ་བརྒྱུད་དེ། དམངས་ཕན་སྲིད་ཇུས་སོ་སོ་ཁོང་དུ་ཆུད་པར་བྱས་པ་མ་ཟད། སྲིད་ཇུས་བཟང་པོ་དེ་དག་བྱེ་བྲག་གི་བྱ་བའི་ཁྲོད་དོན་འཁྱོལ་བྱས་པ་རེད། ཁོས་སྡེ་བ་ཡོངས་དྲ་མིག་ཚན་ཆུང་བཞི་རུ་དབྱེ་སྟེ། ཡོང་སྒོ་དང་འགྲོ་སྒོའི་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཁྱིམ་ཚང་ལྔ་ཡི་ཡོང་སྒོ་ཅུང་དམའ་བ་དང་བརྟན་འཇགས་རང་བཞིན་གྱི་འགྲོ་སྒོ་ཅུང་མང་པོའི་ཁྱིམ་ཚང་གཙོ་བོར་མཐོང་ཆེན་བྱ་ཡུལ་དུ་བདམས་ཏེ། གནས་སྐབས་ཀྱི་རོགས་སྐྱོར་དང་མ་མཐའི་འགན་སྲུང་སོགས་བསྡོམས་པས་སྒོར་མོ་ཁྲི་བརྒྱད་ལྷག་གི་རོམས་སྐྱོར་རེ་ཞུ་བྱས་ནས་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས།

“སྡེ་སྡོད་བྱ་བ་སྒྲུབ་ན་ལུས་ཕུང་སྡོད་ཚུགས་དགོས་པ་མ་ཟད། སེམས་ཡང་གནས་ཐུབ་དགོས།” ལི་ཀྲི་པེན་གྱིས་ལྷག་བསམ་ཟོལ་མེད་སྒོས་སྡེ་མི་དང་གྲོགས་པོ་བསྒྲིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་ནི་སྡེ་སྡོད་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པ་གསལ་བོར་ཤེས་ཀྱིན་ཡོད།

སྡེ་བར་སྡོད་པའི་སྐབས་སུ། སྡེ་བའི་ནང་གི་ནད་གཞི་ལྗིད་མོའི་རིགས་ལ་བརྟན་འཇགས་ཀྱིས་འགྲོ་སོང་ཡོད་པའི་ཁྱིམ་ཚང་གཉིས་ཀྱི་དཔལ་འབྱོར་ཁུར་བོ་ཤིན་ཏུ་ལྕི་བར་དམིགས་ནས་ལི་ཀྲི་པེན་གྱིས་དམངས་སྲིད་ཅུའུ་དང་ཧུར་ཐག་གིས་འབྲེལ་མཐུད་བྱས་ཏེ། ནད་ལྗིད་མོའི་རིགས་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་འགན་སྲུང་སྲིད་ཇུས་རེ་ཞུ་ཞུས་པའི་རྨང་གཞིའི་སྟེང་། ཁོ་ཚོས་ད་དུང་སྒོར་མོ་ཁྲི་ལྔ་དང་སྟོང་བདུན་ཞལ་འདེབས་སུ་ཕུལ་ནས་སྡེ་བའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ།

སྡེ་མི་བློ་བཟང་རྒྱ་མཚོའི་ནད་ལ་རོགས་སྐྱོར་ཐོབ་རྗེས་སངས་དྲག་བྱུང་བ་དང་། ཁོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། “ང་ན་བའི་སྐབས་སུ། ཧྲུའུ་ཅི་ལི་ལགས་དང་ཨུ་ཡོན་རྣམས་ཀྱིས་ང་ལ་ནད་ལྗིད་མོ་བྱུང་བའི་རོགས་སྐྱོར་རེ་ཞུ་བྱས་པ་དང་། ཧུར་བརྩོན་གྱིས་ཞལ་འདེབས་ཕུལ་བས། ང་རང་དཀའ་ངལ་ལས་སྒྲོལ་དུ་བཅུག་པ་དང་། ཁོ་ཚོས་ང་ལ་འཚོ་བའི་ཡིད་ཆེས་བསྩལ་བྱུང་”ཟེར།

སྡེ་སྡོད་བྱ་བ་སྒྲུབ་པའི་སྐབས་སུ། ལི་ཀྲི་པེན་གྱིས་རྒྱལ་ཁབ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཕྱུགས་བཀག་བྱ་དགའི་ཁ་གསབ་སྲིད་ཇུས་ནན་ཏན་གྱིས་དོན་འཁྱོལ་བྱས་པ་དང་། ལྗང་མདོག་ཅན་དང་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱེད་སྒོ་སྤེལ་ཏེ། ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་བཙུགས་པ་མ་ཟད། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་སྣེ་ཁྲིད་དེ་མངགས་གཏོང་ལས་ཁུངས་ལ་མ་དངུལ་སྒོར་མོ་འབུམ་གཅིག་ལྷག་བརྩོན་ལེན་བྱས་ནས་སྡེ་བའི་རྒན་བཀུར་ཁང་གི་སྒོ་མདུན་དང་། ནོར་ལུག་གསོ་སྤེལ་རྟེན་གཞི། བགྲོད་ལམ་དང་ལིག་ཙི་མཚོའི་ཡུལ་སྐོར་ལམ་འབྲེལ་མཐུད་སོགས་ཀྱི་བགྲོད་ལམ་ཞིག་གསོ་བྱེད་རྒྱུ་ཡིན་པར་མ་ཟད། དབང་བོ་སྐྱོན་ཅན་བགྲོད་སའི་ལམ་གསར་དུ་ཁ་སྣོན་བྱས་ནས་སྡེ་བ་ཇེ་མཛེས་སུ་བཏང་བར་མ་ཟད། ད་དུང་སྡེ་བའི་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་མཐོར་འདེགས་བཏང་།

ཟླ་དྲུག་པའི་ཟླ་མཇུག་ཏུ། ལི་ཀྲི་པེན་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་སྡེ་སྡོད་ལས་བྱེད་པར་བདམས་པ་རེད། མཚན་སྙན་གྱི་མདུན་དུ་ཁོང་གིས་ཁེངས་སྐྱུང་ངང་བཤད་རྒྱུར།“ངས་རང་ཉིད་ཀྱིས་སྒྲུབ་འོས་པའི་བྱ་བ་བསྒྲུབ་པ་ཙམ་ཡིན”ཟེར།

2023ལོའི་ཟླ་བདུན་པ་ནས་ཟླ་བརྒྱད་པའི་བར་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གསར་པ་སྡེ་བར་ཐོན་པ་དང་འབྲེལ་ལི་ཀྲི་པེན་གྱིས“རྒན་པས་གསར་བ་ཁྲིད”དེ་ལས་གནས་བརྟན་སྲུང་བྱས་པ་དང་། སེམས་ཞིབ་མོས་ཁོ་ཚོར་རོགས་རམ་བྱས་པ་བརྒྱུད་བྱ་བའི་བསམ་ཕྱོགས་གསལ་བོ་བྱས་པ་དང་། མྱུར་མོར་སྡེ་བའི་ཐུན་མོང་ཁྲོད་འདྲེས་པར་གྱུར།

“སྡེ་བ་སྔར་ལས་ཇེ་མཛེས་ཡིན་པ་དང་། སྡེ་མིའི་འཚོ་བ་ཇེ་སྐྱིད་ནས་ཇེ་ལེགས་ཡིན་པར་ང་རང་ཡིད་ཆེས་ཡོད།” སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་ལས་འགན་ཡོངས་འགྲུབ་བྱས་ནས་ཕྱིར་རང་གི་སྔོན་ཆད་ཀྱི་ལས་ཁུངས་སུ་ལོག་བྱུང་།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།