རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཚིས་དྲོད་ཁོལ་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཟབ་ཚད་ལ་ཞིབ་བཤེར་བྱས།
2024.01.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱིས་མང་ཚོགས་ཀྱི“རེ་འདུན་ཆུང་ཆུང་”དྲུག་བརྒྱ་དང་ཉེར་གཅིག་བསྡུ་རུབ་དང་ངོས་ལེན་བྱས་ནས་སྒྲུབ་ཚར་བ་དང་། གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་རིག་ནུས་རླངས་འཁོར་འཇོག་སའི་ལས་གཞི་ལག་བསྟར་བྱས་ནས་རླངས་འཁོར་འཇོག་ས་བདུན་བརྒྱ་དང་བཅུ་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱས། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱིས་དུས་ཚོད་ཉེར་དྲུག་གི་རིང་། མུས་བརྒྱ་ཙམ་གྱི་ས་འོག་ཆུ་ལམ་ལས་ཚར་བ་དང་། མང་ཚོགས་ཀྱི“སེམས་ཐོགས་སའི”གནད་དོན་ཐག་གཅོད་བྱས།ཧི་ནན་རྫོང་ཆུ་དཀར་སྡེ་བའི་མང་ཚོགས་ཁ་ཤས་ལ“སེམས་དྲོད་སྤྱད”ཀྱི་རྡོ་སོལ་འབྱོར་ནས་དྲོད་ཁོལ་གྱི་ངང་ནས་དགུན་བརྒལ་ཐུབ་པ་བྱུང་། ཟླ་དང་པོའི་ཚེས་བརྒྱད་ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དོན་དངོས་སྒྲུབ་པའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོར་སློབ་སྦྱོང་དོན་འཁྱོལ་བྱེད་པའི་གྲུབ་འབྲས་མངོན་པར་བྱས་ཡོད།

ཐུན་རིན་གྲོང་ཁྱེར་གྱིས་དངོས་ཡོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་ལག་བསྟར་བྱས།

ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱིས་རང་ས་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་། ཚོགས་པ་བཙུགས་ནས་མཉམ་དུ་འཛུགས་སྐྲུན་བྱེད་པ། རོགས་ལས་མཉམ་སྤྱོད། ཁྱད་སྟོབས་གསབ་རེས་ཀྱི་ཏང་འཛུགས་རྣམ་པ་གྲུབ་པར་བྱས་ནས་དུས་ལྟར་ཁོངས་གཏོགས་ཁུལ་གྱི་སྡེ་བའི་ཏང་ཀྲི་པུའུ་དང་འབྲེལ་གཏུགས་བྱས་ནས་མང་ཚོགས་ཀྱི་གནས་ཚུལ་འཚོལ་བསྡུ་དང་ཞིབ་བཤེར་བྱས་པ་དང་། བསྡུ་རུབ་དང་ངོས་ལེན་བྱས་པའི་མང་ཚོགས་ཀྱི་རེ་འདུན་ཆུང་ཆུང་དྲུག་བརྒྱ་དང་ཉེར་གཅིག་སྒྲུབ་ཚར། འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགག་ས་དང་མང་ཚོགས་ཀྱིས་ཚུར་སྣང་བྱེད་པའི་དོན་དག་ཚང་མས་ཡོངས་ཁྱབ་ཀྱིས་དོ་སྣང་བྱེད་པའི་གནད་དོན་ཚ་ཤོས་དང་དུས་ཡུན་རིང་བོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་ལ་དམིགས་ཏེ། སྡེ་ལས་དོ་དམ་དང་། ཆུ་མཁོ་འདོན་དང་བཙོག་ཆུ་དོ་དམ་དྲ་བ་སྐྲུན་པ། ཞིང་སྡེའི་གཞུང་ལམ་དང་ཆུ་ལམ་ཞིག་གསོ་སོགས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་བཅུ་ཐག་གཅོད་བྱས།

ཧོར་ནག་ཡུལ་ཚོ་ཡིས“མི་དམངས་བླ་ན་མེད་པའི”དམིགས་འབེན་གཞིར་བཟུང་སྟེ། དམངས་ཚིས་དཀའ་གནད་ཐག་གཅོད་པར་འབད་བརྩོན་བྱེད་རྒྱུ་དེ་ནི་བརྗོད་དོན་སློབ་གསོ་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བའི་གནད་འགག་ཅིག་ཏུ་བརྩིས་ནས་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག་སྡེ་བ་སོ་སོར་བསྐྱོད་དེ་དམངས་ཀྱི་འདོད་བློ་འཚོལ་བསྡུ་དང་། མང་ཚོགས་ཀྱི་རེ་བར་ཉན་པ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་གནད་དོན་ལ་དམ་པོར་འབྲེལ་ཏེ། ཡུལ་ཁོངས་ཀྱི་ཁོར་ཡུག་ལེགས་བཅོས་དང་ཆུ་རྐའི་ནང་གི་གད་སྙིགས་གཙང་དག་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས་ཆུ་ལམ་གྱི་གད་སྙིགས་ཏུན་ཐིག་དང་གྲངས་ཆུང་བདུན་གཙང་དག་བྱས་པ་དང་། འཕྲོད་བསྟེན་ལེགས་བཅོས་ཐེངས་བཅུ་ལ་བྱས་ཤིང་། གད་སྙིགས་རིགས་སྣ་ཚོགས་ཏུན་གཅིག་གཙང་དག་བྱས།

ཆུ་ཁོག་ཡུལ་ཚོ་མག་གསར་སྡེ་བའི་འགྲིམ་འགྲུལ་བགྲོད་ལམ་གནད་དོན་ལ་དམིགས་ནས་ཐེན་ཅིན་མཉམ་འཛུགས་རོགས་སྐྲུན་ལས་ཁུངས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པར་ཧུར་ཐག་གིས་རེ་ཞུ་བྱས་པ་དང་། ཀྲི་པུའུ་ཡིས་མཉམ་འཛུགས་བརྒྱུད་དེ། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱིས་ཧུར་ཐག་གིས་ངལ་རྩོལ་བྱས་པ་བརྒྱུད། མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་བའི“དམག་བཀུར་ཟམ་པ”ཞིག་སྐྲུན་པ་དེས་ཡིས་དུས་ཡུན་རིང་བོར་སྡེ་མི་རྣམས་ཆུར་བརྒལ་ན་ཉེན་ཁ་ཆེ་བ་དང་། འགྲོ་བསྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས།

གཅན་ཚ་རྫོང་གིས་མང་ཚོགས་ཀྱི་སེམས་ཐོགས་སའི་གནད་དོན་ཐག་གཅོད་བྱས།

ཁང་ཡང་གྲོང་རྡལ་ཧྲ་ལིས་མུའུ་སྡེ་བ་ཞིན་ཧྲུའུ་འགག་ནས་ཧི་ཐན་སྡེ་བའི་བར་གྱི་བགྲོད་ལམ་སྤྱི་ལེ་གསུམ་ལེགས་བསྒྱུར་དང་རྒྱ་སྐྱེད་པའི་ལས་གཞི་ཡོངས་འགྲུབ་བྱས་པ་དང་། ཞང་ཏའོ་སྡེ་བའི་པོ་ཅི་འགག་ནས་གད་སྙིགས་ཐག་གཅོད་བྱེད་སའི་བར་གྱི་བགྲོད་ལམ་སྤྱི་ལེ་གཅིག་དང་གྲངས་ཆུང་བཞི་གསར་དུ་ལས་ནས་ཡོངས་འགྲུབ་བྱས་ཤིང་། མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཉིས་དང་སྒོར་མོ་ས་ཡ་གཅིག་དང་འབུམ་དགུ་ཁྲི་དྲུག་བཏང་ནས་ཡ་བན་སྡེ་བའི་རྣམ་པ་ལེགས་བཅོས་དང་བགྲོད་ལམ་ཞིག་གསོའི་ལས་གཞི། ཞིང་བའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་དང་། ཧྲང་ཀྲོང་སྡེ་བ་དང་ཡ་བན་སྡེ་བའི་ཞིང་བ་ཁྱིམ་ཚང་བརྒྱ་ལྷག་ལ་ཁང་ཀླད་ཀྱི་ཆུ་འགོག་དང་ཉི་འོད་ནུས་པའི་དྲོད་ཁོལ་ཁྱམས་ར་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། གྲོང་རྡལ་དང་སྡེ་བའི་མང་ཚོགས་ཀྱི་འདོད་བློ་དང་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་ས་ཁམས་ཀྱི་ལེགས་ཆར་ཟུང་འབྲེལ་བྱས་ཏེ། 2024ལོའི་གྲོང་གསེར་དར་སྤེལ་གྱི་ལས་གཞི་བཅུ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་གནད་ལ་འཁེལ་བའི་སྒོ་ནས་བཙུགས་པ་དང་། སྤུས་ཚད་མཐོན་པོའི་སྒོ་ནས་གནད་དོན་ཡོད་པའི་སྤྱོད་ཁང་སུམ་བརྒྱ་དང་སོ་བཞི་ལེགས་བསྒྱུར་དང་ཇེ་བཟང་དུ་བཏང་།

མར་ཁུ་ཐང་གྲོང་རྡལ་གྱིས་མཁར་གྲོང་གཙོ་བོའི་བགྲོད་ལམ་དུ་རླངས་འཁོར་གང་འདོད་དུ་འཇོག་པའི་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་གཅིག་ཁྲི་དྲུག་དངོས་འབེབ་བྱས་ནས་རླངས་འཁོར་འཇོག་ས་བདུན་བརྒྱ་དང་བཅུ་བཀོད་སྒྲིག་བྱས་པ་དང་། དེས་ཕན་འབྲས་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་རླངས་འཁོར་འཇོག་དཀའ་བ་དང་གང་འདོད་དུ་འཇོག་པའི་གནད་དོན་ཐག་གཅོད་བྱས།

རྩེ་ཁོག་རྫོང་གིས་གཅིག་བསྡུས་ཀྱི་སྒོ་ནས་དམངས་ཚིས་གནད་དོན་སྐོར་ཞིག་ཐག་གཅོད་བྱས།

མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་བྲག་སྒམ་སྡེ་བའི་རྩེ་ཁོག་ནས་ཐུན་ཏེ་བར་གྱི་གཞུང་ལམ་དང་། འབའ་ཁ་ཐུང་སྡེ་བར་ལོ་ངོ་མང་པོར་ལམ་ཞིག་གསོ་མ་བྱས་པའི་དབང་གིས་འགྲོ་སྐྱོད་དཀའ་བའི་གནད་དོན་གནས་ཡོད་པར་དམིགས་ནས་གྲོང་རྡལ་གྱི་ཏང་ཨུ་ཡིས་དུས་ལྟར་ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ནས་རང་འགུལ་གྱིས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུགས་བྱས་པ་དང་། དུས་ལྟར་གནད་དོན་ཐག་གཅོད་བྱས།

རྩེ་ཆུ་གྲོང་རྡལ་གྱིས་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་མཚོ་ལྡན་སྡོད་དམངས་བཀོད་སྒྲིག་བྱེད་ས་རུ་ཆུ་གསོག་དཀའ་བའི་གནད་དོན་ལ་དམིགས་ནས་ཧུར་ཐག་གིས་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་དང་། འཕེལ་རྒྱས་བཅོས་སྒྱུར་ཅུའུ། འཕྲལ་བསྟུན་མཁོ་སྤྲོད་ཅུའུ། མེ་འགོག་ཡན་ལག་རུ་ཁག་སོགས་ལས་ཁུངས་དང་སྡེ་ཁུལ་མང་པོའི་སྡོད་དམངས་དང་མཉམ་དུ་མཐུན་སྦྱོར་བྱས་ནས་དུས་ཚོད་ཉེར་དྲུག་གི་རིང་ལ་མུས་བརྒྱ་ཙམ་གྱི་ས་འོག་ཆུ་ལམ་ལས་ནས་ཡོངས་འགྲུབ་བྱས་ཤིང་། མང་ཚོགས་ཀྱིས་སེམས་ལ་ཐོགས་པའི་གནད་དོན་ཐག་གཅོད་བྱས།

ངར་རྒོད་སྡེ་བའི་སྡེ་བ་རིམ་པའི་བར་མཚམས་ཀྱི་བགྲོད་ལམ་ཞིག་དུས་ཡུན་རིང་བོར་བདེ་སྙོམས་མིན་པ་དང་། གནས་མང་པོ་ན་གཏོར་བརླག་ཐེབས་ཡོད་པར་དམིགས་ཏེ། ཉེ་འགྲམ་མང་ཚོགས་བདེ་འཇགས་ཀྱིས་འགྲོ་སྐྱོད་ལ་ཤན་ཤུགས་ཚབས་ཆེན་ཐེབས་པ་དང་། རྩེ་ཁོག་རྫོང་གིས་ཁ་གཏད་རོགས་སྐྱོར་རོགས་སྐྲུན་ལས་ཁུངས་དང་མཉམ་འབྲེལ་སྒོས་སྡེ་བ་རིམ་པའི་སྤྱི་ལེ་བཅུའི་བགྲོད་ལམ་ཞིག་གསོ་ལེགས་སྒྱུར་བྱས་པ་དང་། དེ་ཡིས་འགྲམ་རྒྱུད་ཀྱི་སྡེ་མི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས།

ཧི་ནན་རྫོང་གིས་མང་ཚོགས་ཀྱི་སེམས་འདུན་དང་མཐུན་པའི་དྲོད་ཁོལ་ལྡན་པའི་བྱ་བ་སྒྲུབ།

ཁོས་སུན་ཡུལ་ཚོ་མུ་ཆི་སྡེ་བའི་དབྱར་སའི་ཤ་ལུང་མཚམས་ཀྱི་ལམ་སྲ་བསྒྱུར་བྱས་པ་བརྡིབས་ཡོད་པར་དམིགས་ནས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ་བགྲོད་ལམ་བརྡིབས་པའི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། དུས་ཚོད་དང་པོའི་ནང་ལས་བཟོ་པ་རྩ་འཛུགས་བྱས་ནས་ལམ་བརྡིབས་པའི་མཚམས་དེ་ཞིག་གསོ་བྱས་ཤིང་། མཐའ་འཁོར་གྱི་མང་ཚོགས་བདེ་འཇགས་ཀྱིས་འགྲོ་སྐྱོད་བྱེད་པར་ཁག་ཐེག་ཏན་ཏིག་བྱས།

མདོ་གསུམ་ཡུལ་ཚོའི་མང་ཚོགས་མགོན་པོ་རྒྱལ་གྱི་ཁྱིམ་ལ་ལོ་མང་པོར་རང་འབབ་ཆུ་འཐེན་མེད་པ་དང་། འཚོ་བ་སྟབས་བདེ་མིན་པའི་གནད་དོན་ལ་དམིགས་ནས་དུས་ཚོད་དང་པོའི་ནང་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲིར་སོང་ནས་རྒྱུས་ལོན་བྱས་པར་མ་ཟད། རང་འབབ་ཆུ་ཀུང་ཟིས་སྦུག་ལམ་སྒྲིག་པ་དང་། སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་པ་བརྒྱུད། མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱས།

མཐོ་ཡེ་མ་ཡུལ་ཚོས་ཆུ་དཀར་སྡེ་བའི་དབུལ་ཐར་ཁྱིམ་ཚང་དང་ལྟ་སྐུལ་ཚད་ལེན་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་པར་དམིགས་ནས་མང་ཚོགས་ཁང་བ་དྲོན་པོའི་ནང་དུ་འདུག་ཐུབ་པར་བྱེད་རྒྱུ་དེ་དགུན་དུས་ཀྱི་དམངས་ཚིས་བྱ་བ་དང་པོར་བརྩིས་ནས་རོགས་སྐྱོར་ལས་ཁུངས་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་དངུལ་རྩའི་ལྟ་ཞིབ་ཚད་ལེན་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་ཞིབ་ཚད་ལེན་དོ་དམ་ཅུའུ་དང་མཉམ་འབྲེལ་སྒོས་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་སོགས་ལ་སེམས་པ་དྲོ་བའི་རྡོ་སོལ་ཏུན་བཅུ་ཞལ་འདེབས་སུ་ཕུལ་ནས་མང་ཚོགས་ཀྱིས་བདེ་འཇགས་ཀྱིས་དྲོལ་སྐྱིད་ལྡན་པའི་དགུན་ཁ་ཞིག་བསྐྱལ་ཐུབ་པར་ཁག་ཐེག་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།