--མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་བརྩམས་པའི་སྐོར་གྱི་ཟུར་བྲིས།
དགུན་དུས་ཀྱི་ཞོགས་པར་ཟི་ལིང་དུ་གྲང་ངར་ཆེ་ཡང་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཕྱི་ནང་ཀུན་ཏུ་སྤྲོ་སེམས་རབ་ཏུ་འཕེལ་བའི་རྣམ་པ་ཞིག་མངོན་ཡོད།
ཟླ1པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་འགོ་བརྩམས།
སྲིད་གྲོས་ཨུ་ཡོན300ལྷག་གིས་ནངས་སྔ་དྲོའི་ཉི་རྩེ་དང་མཉམ་དུ་འགན་འཁྲི་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཞིང་། མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོའི་མངགས་བཅོལ་དང་རེ་སྒུག་སེམས་ཁོང་དུ་བཅངས་ནས་སྙིང་སྟོབས་ཀྱིས་ཁེངས་ཤིང་བློ་སྟོབས་འཕེལ་བ །གོ་རིམ་ལྡན་བཅས་ཀྱི་ངང་ནས་ཚོགས་རར་བསྐྱོད་བཞིན་ཡོད།
2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ལ་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་ཀྱང་ཡིན། “ཇི་ལྟར་བྱས་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་པ་དང་། ཇི་ལྟར་བྱས་ནས་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་སྲིད་དོན་ལ་ཇུས་འདོན་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་སམ།” འདི་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཏུའུ་ཅིན་ཕེན་གྱི་བསམ་བློ་ཡིན་ལ། ཚོགས་རའི་ནང་གི་སྲིད་གྲོས་ཨུ་ཡོན་ཡོངས་ཀྱི་ཐུན་མོང་གི་བསམ་བློ་ཡང་ཡིན།
ཚོགས་རའི་ནང་སྒམ་བརླིང་ལྡན་པ་དང་ཨུ་ཡོན་ཚོའི་སྙིང་སྟོབས་རབ་ཏུ་འཕེལ།
སྔ་དྲོའི་ཆུ་ཚོད9སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུགས་དང་བསྟུན་ནས་ཚོགས་ཆེན་འཚོགས་འགོ་བརྩམས་སོང་།
ཨུ་ཡོན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་བྱ་བའི་སྙན་ཞུ་ལ་གསན་པ་རེད།
འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་བལྟས་ཚེ་བྱ་བའི་ཕན་འབྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།
“ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ལ་དམིགས་པ། ཏང་གི་གསར་སྐྲུན་གཞུང་ལུགས་ལ་བརྟེན་ནས་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་ནུས་པར་བརྟེན་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་བརྟེན་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་བ། སྲིད་གྲོས་བྱ་བའི་ཐད་འཕེལ་རིམ་གསར་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་དགོས།
ལོ་གསར་པར་རྒྱང་ལྟ་བྱས་ཏེ། སྐྱོད་ལམ་གསར་བའི་ལམ་བུར་འཆར་གཞི་གསར་པ་འགོད་དགོས།
“རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་སྐྲུན་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་བླ་སྲོག་སྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་དང་བསྟུན་ནས་སྲིད་དོན་གྲོས་བསྡུར་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས།”
སྙན་ཞུའི་གསུང་སྐད་རེ་རེ་རྣ་བར་འཇགས་ཤིང་ཚིག་འབྲུ་རེ་རེ་སེམས་སུ་ཟུག་ངེས། ཚོགས་རའི་ནང་རྒྱུན་མི་ཆད་པར་ཐལ་མོའི་རྡེབ་སྒྲའི་ཁེངས་སོང་།
ཐལ་མོའི་རྡེབ་སྒྲ་དེ་དག་གིས་སྔར་ཡོད་ཀྱི་གྲུབ་འབྲས་ལ་ཁས་ལེན་བྱས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱེད་ཀྱིན་ཡོད།
“སྙན་ཞུ་དོན་དངོས་དང་མཐུན་ཞིང་ཆ་ཚང་ལ་ཞིབ་ཕྲ་ལྡན་པས། ཉན་རྗེས་སྐུལ་ལྕག་ཆེན་པོ་ཐེབས་ཀྱིན་འདུག ང་ཚོའི་རྗེས་ཕྱོགས་འགན་འཁྲི་བསྒྲུབ་རྒྱུར་ཡིད་ཆེས་བརྟན་པོ་དང་ཁ་ཕྱོགས་གསལ་བོར་བསྟན་ཡོད”ཅེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཝན་གོ་ཏུང་གིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་ཁེ་ལས་ཀྱི་འགན་འཁྲི་ཡག་པོ་འཁུར་ཏེ། ནས་ཀྱི་ཐོན་ལས་ཡག་པོ་གཉེར་ནས་མཚོ་སྔོན་གྱི“གནས་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
འགོ་རྩོམ་ཚོགས་ཆེན་མཇུག་སྒྲིལ་རྗེས་ཨུ་ཡོན་ཚོ་ཡིད་ཆེས་ཀྱི་ངང་ནས་ཚོགས་ར་ནས་ཕྱིར་བསྐྱོད་བཞིན་ཡོད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཝུའུ་རིན་ཐ་ན་ཡིས་བཤད་རྒྱུར། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་རིམ་གསལ་འབྱེད་ཡིན་པ། འདས་ཟིན་པའི་ལོ་ངོ་གཅིག་གི་བྱ་བར་དངོས་ཐོག་བདེན་འཚོལ་ངང་སྤྱི་སྡོམ་བྱས་པ་དང་གཙོ་གནད་འབུར་དུ་ཐོན་ཡོད། 2024ལོའི་བྱ་བའི་དམིགས་འབེན་བཀོད་སྒྲིག་གསལ་བོ་དང་དངོས་གཉེར་གནད་སྨིན་ཡིན་པས། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་ཆེད་བསམ་ཕྱོགས་གསལ་པོ་བཟོས་ཡོད། “མཐོ་སྒང་གི་ནད་ཐོག་གསོ་རིག་ཞིབ་འཇུག་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་དེང་ཕྱིན་ཕྲ་ཕུང་གི་སྨན་བཅོས་དང་བསྐྱར་སྐྱེས་གསོ་རིག་ཐད་ཀྱི་མདུན་ཕྱོགས་གསོ་རིག་གཉིས་མཐོ་སྒང་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་ནང་ཟུང་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གསོ་རིག་ཚན་རྩལ་གསར་གཏོད་ལས་སྟེགས་བསྐྲུན་པར་རང་ཉིད་ཀྱི་བྱས་རྗེས་འབུལ་རྒྱུ་ཡིན”ཟེར།
གཞི་རིམ་ཕྱུགས་ལས་འཐབ་ཕྱོགས་སྟེང་བྱ་བ་སྒྲུབ་མཁན་གྱི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་མོ་རྒྱལ་ལ་སྐུལ་མ་ཆེན་པོ་ཐེབས། མོས་བཤད་རྒྱུར། མི་དམངས་སྲིད་གྲོས་ཀྱིས་ང་ལ་སྲིད་ཞུགས་སྲིད་གྲོས་དང་དམངས་ཀྱི་ཆེད་དུ་འགན་ནུས་སྒྲུབ་པའི་ལས་སྟེགས་མཁོ་འདོན་བྱས་བྱུང་བས། སྲིད་གྲོས་ཀྱི་ཨུ་ཡོན་ཚང་མས་སྟེགས་བུ་དེ་བེད་སྤྱོད་ལེགས་པོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བསམ་ཚུལ་བཟང་པོ་འདོན་དགོས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངས་མུ་མཐུད་དུ་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་བསམ་བློ་གསར་པས་བསམ་བློར་དྲག་ཆས་སྤྲ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་རང་ཉིད་ཀྱི་འགན་འཁྲི་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བའི་དུས་མཚུངས་སུ། རང་སྟེང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་གཞི་རིམ་དུ་སྐྱོད་པ་དང་བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཞིང་ཕན་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། དམངས་དོན་དུ་སྐད་ཆ་བཤད་པ་དང་དམངས་དོན་དུ་བྱ་བ་སྒྲུབ་པ། དམངས་ལ་བདེ་སྐྱིད་འཚོལ་སྙེག་བྱེད་པ་བཅས་ཀྱི་ཐོག་མའི་བསམ་འདུན་ཧུར་ཐག་གིས་ལག་ལེན་བྱེད་རྒྱུ་ཡིན་ཟེར།
སྐྱོད་ལམ་གསར་བའི་སྟེང་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་དཔེ་རིས་གསར་བས་འགན་འཁྲི་གསར་པ་འཁུར་བར་འབོད་སྐུལ་གཏོང་དགོས། སྤྲོ་སྐྱིད་ལྡན་པའི་ཉི་འོད་འོག་ཚོགས་ར་ནས་ཕྱིར་ཕེབས་པའི་ཨུ་ཡོན་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དྲང་གཏམ་བཤད་པ་དང་། ཐབས་ཇུས་བཟང་པོ་འདོན་པ། དོན་དངོས་བསྒྲུབ་པ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་བརྩེ་སེམས་ལག་བསྟར་བྱས་ནས་བློ་གཅིག་སེམས་གཅིག་དང་གསར་འབྱེད་ཡར་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་པའི་རེ་བ་བཅངས་ཡོད།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།ཚེ་རིང་སྒྲོལ་མ།