—མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགསའགོ་བརྩམས་པའི་སྐོར་གྱི་ཟུར་བྲིས།
ཚོགས་ཆེན་གྱི་ཡུལ་དངོས།
ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་བྱ་དངོས་ཐམས་ཅད་སླར་གསོ་འབྱུང་བཞིན་ཡོད།
ཟླ་1པོའི་ཚེས་24ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བླངས་ནས། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་300ལྷག་ཙམ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་འཛོམས་ཏེ། འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་དོན་གཉེར་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་ལེའུ་གསར་པ་བཏོད་ཡོད།
ཚོགས་རའི་ནང་དགའ་སྤྲོ་དང་བརྗིད་ཉམས་ལྡན་པའི་རྣམ་པའི་ཁེངས་བ་དང་། ཀྲུའུ་ཞི་སྟེགས་བུའི་དབུས་སུ་བཀལ་ཡོད་པའི་རྒྱལ་རྟགས་ནི་དམར་མདངས་བཀྲ་བའི་དར་དམར་གྱི་མཛེས་རྒྱན་འོག་བཀྲག་མདངས་རྣམ་པར་འཚེར།
ཆུ་ཚོད་དགུ་པའི་སྟེང་ཚོགས་ཆེན་འགོ་བརྩམས་པ་དང་། ཧྲིན་ཀྲང་ཝུའུ་ཞའོ་ཅོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ།
འདས་ཟིན་པའི་ལོ་གཅིག་ནང་ཐོབ་དཀའ་བའི་མཚོ་སྔོན་གྱི་གྲུབ་འབྲས་ཆེན་པོ་ནི། “ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་རྒྱུག་ཐད་ཟིན་ཐོ་མཐོ་བ་དང་། བར་རྒྱས་པ། མཇུག་བརྟན་པོ་བཅས་ཀྱི་རྣམ་པ་མངོན་པ་དང་། སྤྱིའི་ཆ་ནས་བསྐྱར་འཕར་དང་བཟང་སྐྱེད་བྱུང་ཡོད་ལ། དམིགས་འབེན་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་5.3%འཕར་བ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.9%འཕར་བ། མཁར་གྲོང་གི་ལས་ཤོར་བརྟག་དཔྱད་བྱེད་ཚད་5.5%འཕར་བ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་0.5%འཕར་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བྱུང་བ་དང་། འཕེལ་རྒྱས་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་ལས་ཆེ་རུ་ཕྱིན་ཡོད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་གསར་བ་སྤོས་ཡོད།”
སྙན་ཞུའི་ནང་གི་དམིགས་ཚད་རེ་རེ་དང་གཞི་གྲངས་རེ་རེ་ལས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་བློ་བཅིངས་འགྲོལ་དང་། འབད་འབུངས་ཡར་བརྩོན། ཡིད་ཆེས་བརྟན་པོ། ཞུམ་མེད་མདུན་སྐྱོད་བཅས་ཀྱི་ལོ་རྒྱུས་ཀྱི་ལམ་བུར་བདེན་དཔང་བྱས་ཡོད་ལ། 2024ལོའི་བྱ་བར་ཡང་རྨང་གཞི་བཟང་པོ་བཏིང་ཡོད།
“སྲིད་གཞུང་གི་བྱ་བའི་སྙན་ཞུས་མ་ལག་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་འདས་ཟིན་པའི་ལོ་གཅིག་རིང་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཕྱིར་མིག་བལྟས་པ་དང་། ང་ཚོས་མཚོ་སྔོན་གྱི་འགྲན་སློང་ལ་གྲུབ་འབྲས་འདི་ལྟ་བུ་ཐོབ་པར་སྤོབས་པ་ཆེན་པོས་ཁེངས་ཡོད།” ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཀྲང་རའོ་ལེ་ཡིས་བཤད་རྒྱུར། སྙན་ཞུའི་ནང་དམངས་ཀྱི་འཚོ་བ་མཚོན་པ་དང་ལྟ་སྟངས་ཚང་མ་བདེ་སྐྱིད་ཡིན་པ་མ་ཟད། སྲིད་གཞུང་གིས་དམངས་ཀྱིས་སེམས་ཁྲལ་བྱེད་པ་དང་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། དམངས་ཀྱིས་རེ་སྒུག་བྱེད་སར་རེ་སྒུག་བྱེད་ཀྱིན་ཡོད་པའི་ངོས་འཛིན་བྱས་ཡོད། སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བྱ་བའི་ལག་ལེན་ནང་བཅུག་ནས། ཏན་ཏན་ཏིག་ཏིག་དང་ཞིབ་ཕྲ་ཅན་གྱི་བྱ་ཐབས་ལ་བརྟེན་ནས་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་ཟེར།
བྱ་བ་བཀོད་སྒྲིག་བྱེད་སྐབས་ཚན་རིག་དང་མཐུན་ཞིང་དངོས་དོན་གཉེར་བ་དང་འབད་འབུངས་ཡར་བརྩོན་བྱས་ནས་སླར་ཡང་མདུན་སྐྱོད་བྱེད་དགོས།
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་མདུན་དུ་ཇི་ལྟར་བསྒྲུབ་དགོས་སམ།
“ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་5%ཙམ་འཕར་བ་དང་། མཁར་གྲོང་དུ་མི་ཁྲི་6ཡན་གསར་དུ་ལས་ཞུགས་ཐུབ་པ། རོང་འབྲོག་ཁུལ་དུ་ངལ་ནུས་གཞན་སྒྱུར་ལས་ཞུགས་ཐུབ་ཚད་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་ཡན་ཟིན་པ་དང་། མཁར་གྲོང་དུ་ལས་ཤོར་བརྟག་དཔྱད་བྱེད་ཚད་5.5%ཙམ་ཟིན་དགོས། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཅིག་མཚུངས་སུ་གནས་དགོས་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་3%ཙམ་ཟིན་དགོས་པ་དང་། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་ཁྲི་བདུན་ཡན་དུ་སྲུང་འཛིན་བྱེད་དགོས། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན། རྫ་ཆུ་བཅས་ཞིང་ཆེན་ཕྱི་རུ་གཏོང་བའི་ས་མཚམས་ཀྱི་ཆུ་སྤུས་རིགསⅡཔ་དང་དེའི་ཡན་དུ་བརྟན་བརླིང་ངང་སྲུང་འཛིན་བྱེད་དགོས་པ་དང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ96﹪ཡན་དུ་སླེབས་དགོས།
སྙན་འཇེབས་ལྡན་པའི་སྐད་ཆ་དང་གཙོ་གནད་འབུར་ཐོན་གྱི་སྙན་ཞུའི་ཡིག་འབྲུ་རེ་རེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ཚོགས་ཞུགས་པ་རྣམས་ཀྱི་འདོད་བློ་གཅིག་ཏུ་གྱུར་ཡོད། འཐུས་མི་ཚོས་ནན་ཏན་གྱིས་སྙན་ཞུར་ཉན་ནས་དུས་དང་རྣམ་པ་ཀུན་ཏུ་མགོ་བོ་བསྒུར་ནས་ཟིན་ཐོར་འགོད་བཞིན་ཡོད།
“མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་པར་དམིགས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།” “དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་དམིགས་ཏེ་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།” “གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་དམིགས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།” “མཉམ་འདྲེས་མཉམ་འགུལ་མཉམ་སྤྱོད་ལ་དམིགས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།” “མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་ཧུར་ཐག་གིས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།”ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཝའེ་ཀྲན་ལའེ་ཡིས་སྙན་ཞུ་ལ་བལྟ་ཞོར་གཙོ་གནད་ལ་རྟགས་རྒྱག་བཞིན་ཡོད། “གཞི་རིམ་གྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ངོས་ནས། ངས་ཆེས་དོ་ཁུར་བྱེད་པའི་བརྗོད་གཞི་ནི་གྲོང་གསེབ་དར་སྤེལ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་དང་གྲོང་གསེབ་འཛུགས་སྐྲུན་བཅས་རེད། ད་ལོ་ང་ཚོས་ཐོན་ལས་ལས་གཞི་སྔར་ལས་མང་པོ་ཧུར་ཐག་གིས་བརྩོན་ལེན་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་སྟོབས་ཆེར་བཏང་སྟེ། སྡེ་བའི་ཐུན་མོང་ལ‘རང་བརྟེན’གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ཚོགས་ར་ནས་ཕྱིར་འགྲོ་ཞོར་གསར་འགོད་པར་དེ་ལྟར་བཤད།
ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
འབད་འཐབ་བྱས་ནས་ཕུགས་འདུན་འགྲུབ་པ་དང་དངོས་སྒྲུབ་བྱས་ནས་མ་འོངས་པ་གཏོད་དགོས། འཐུས་མི་རྣམས་ཚོགས་ར་ནས་ཕྱིར་ཡོང་སྐབས་ཁ་ཕྱོགས་སྔར་ལས་གསལ་ལ་གོམ་སྟབས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།
“སྙན་ཞུའི་སྤྱི་བསྡོམས་བྱ་བ་དངོས་ཐོག་བདེན་འཚོལ་དང་མི་སེམས་ལ་སྐུལ་མ་གཏོང་བ་ཞིག་རེད། 2024ལོའི་བྱ་བའི་དམིགས་འབེན་ཁ་གསལ་བ་དང་བསམ་ཕྱོགས་གསལ་བོ་རེད། སྙན་ཞུར་ཉན་རྗེས་ང་ཚོས་བྱ་བ་སྣ་ཚོགས་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།” ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སྟག་ལྷ་ཡིས་བཤད་རྒྱུར། མཚོ་སྐོར་གྱི་ཕྱུགས་ལས་རྫོང་ཆེན་ཞིག་ཡིན་པའི་རྐང་ཚ་རྫོང་གིས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་བླང་བྱ་ལྟར། རང་འགུལ་ངང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་བྱ་བའི་ནང་ཧུར་ཐག་གིས་ཞུགས་ཏེ། སྐྱེ་ཁམས་དང་ཐོན་ལས། དམངས་ཚིས། སྤྱོད་ཚུལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱ་བར་དམ་འཛིན་བྱས་ནས། ང་ཚོས་དཀའ་སྤྱད་འབད་འཐབ་ཀྱི་ལས་སྒྲུབ་སྙིང་སྟོབས་ལ་བརྟེན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།
“སྙན་ཞུའི་ནང་ཆབ་སྲིད་ཀྱི་མཐོ་ཚད་དང་། འཕེལ་རྒྱས་གཏོང་ཤུགས། དམངས་ཚིས་དྲོད་ཚད་བཅས་གང་ལེགས་མཚོན་ཡོད་པས། སྐུལ་ལྕག་ཆེན་པོ་ཐེབས་པ་དང་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་ཡོད།” ཞིང་ཆེན་དམངས་ཆེན་གྱི་འཐུས་མི་རིན་ཆེན་མཚོ་ཡིས་བཤད་རྒྱུར། སྙན་ཞུའི་ནང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཀྱི་སེམས་སུ་ཟུག་པའི་དོན་དངོས་སྐོར་ཞིག་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད། ངས་ཐོག་མའི་དུས་ཚོད་ནང་གནས་ཚུལ་དེ་བརྒྱུད་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་དངོས་སྒྲུབ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། དམ་པ་དོན་གཉེར་དང་བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་གཉེར་བ་བཅས་བྱས་ཚེ། 2024ལོའི་མཚོ་སྔོན་གྱི་དམིགས་ཚད་གཙོ་བོ་སྣ་ཚོགས་མངོན་འགྱུར་བྱ་ཐུབ་ངེས་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ངེས་རེད།
དམིགས་འབེན་གྱིས་ཁ་ཕྱོགས་སྣེ་ཁྲིད་བྱེད་པ་དང་ལས་འགན་གྱིས་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་གིན་ཡོད། འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱི་ངར་ཤུགས། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བཅས་ཀྱི་ཐོག་ནས་ལོ་ཧྲིལ་པོའི་བྱ་བའི་འཆར་གཞི་དེ་དམིགས་འབེན་དངོས་སུ་འགྱུར་རྒྱུར་འབད་བརྩོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བཤད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།