---སྲིད་གཞུང་བྱ་བའི་སྙན་ཞུ་ལ་འཐུས་མི་དང་ཨུ་ཡོན་ཚོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
“གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་པ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ཞིང་། བྱ་བ་བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན་ཞིང་ཕན་འབྲས་མཐོ་བ་རེད།” ཟླ1ཚེས24ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་ཤིང་། འཐུས་མི་དང་ཨུ་ཡོན་ཚོས་མཚོ་སྔོན་གྱི་དོན་དངོས་དང་མཐུན་པ་དང་། མི་དམངས་ཀྱི་རེ་སྒུག་དང་མཐུན་པ། རྒྱང་རིང་གི་བསམ་གཞིགས་མངོན་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད། གཏིང་ཤུགས་ལ་ཡིད་ཆེས་བསྣན་པ་དང་ལས་སྒྲུབ་ལ་སྒུལ་ཤུགས་བསྩལ་བ་རེད།
འཐུས་མི་དང་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་སྲིད་གཞུང་བྱ་བའི་སྙན་ཞུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་དང་དཀྱུས་གཅིག་ཏུ་འབྲེལ་ཡོད་པ་དང་། དེ་ཡིས“ལས་བྱེད་པས་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ” བཅས་ཀྱི་ཁ་ཕྱོགས་གསལ་བོ་མངོན་གང་ཐུབ་བྱས་ནས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་ཕུལ་བྱུང་གྲུབ་འབྲས་ཡང་བསྐྱར་མངོན་པ། ཚན་རིག་ལྟར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་བཟང་པོར་རྒྱང་ལྟ་བྱེད་པ། སྲིད་གཞུང་བྱ་བའི་ཉམས་འགྱུར་གསར་བ་དང་རྣམ་པ་གསར་བ་མངོན་པར་བྱས་པ་དེ་ནི་དར་ཆ་མཐོན་པོར་བསྒྲེངས་བ་དང་དངོས་སྒྲུབ་འགན་འཁུར། མི་སེམས་གཅིག་ཏུ་བསྡུས་པ། བློ་སྤོབས་བསྐྱེད་པར་བྱེད་པའི་སྙན་ཞུ་བཟང་པོ་ཞིག་ཡིན་པར་བཤད།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་མཐོ་སྒང་པ་དངོས་ལས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་བང་ཧྲིན་ཅང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་མང་པོ་བྱས་འདུག ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཚར་ལོངས་བྱུང་ཞིང་། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་བཞིན་པའི་ན་གཞོན་ཞིག་ཡིན་པའི་ངོས་ནས། སྙན་ཞུ་ལ་ཉན་རྗེས་སེམས་འགུལ་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཐེབས་ཀྱིན་འདུག ང་རང་སྔར་ལས་ཆེ་བའི་སྤྲོ་སེམས་ཀྱིས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་ཏེ། ཡུལ་མི་ཚོའི་སྣེ་ཁྲིད་ནས་དངོས་འཛིན་དངོས་སྒྲུབ་དང་། འབད་བརྩོན་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་དང་སྡེ་མིའི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད་པ་མངོན་འགྱུར་ཡོང་བར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
“སྲིད་གཞུང་བྱ་བའི་སྙན་ཞུ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། བསམ་ཕྱོགས་གསལ་བ། དངོས་ཐོག་བདེན་འཚོལ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ལ། མཚོ་སྔོན་གྱི་འཕེལ་རྒྱས་དོན་གཉེར་དང་མཚོ་སྔོན་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྙན་ཞུ་བཟང་པོ་ཞིག་ཀྱང་རེད།” ཞིང་ཆེན་དམངས་ཆེན་གྱི་འཐུས་མི། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་ཡའོ་ཞའོ་ཡན་གྱིས་བཤད་རྒྱུར། སྙན་ཞུ་ཧྲིལ་བོར་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་བླང་བྱ་མངོན་པར་བྱས་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བྱེད་པའི་ཁྱད་ཆོས་མངོན་ཡོད་པ་རེད། སྙན་ཞུའི་ནང་དུ། རྣམ་པ་གསར་པ་དང་། སྒུལ་ནུས་གསར་པ། གསོན་ཤུགས་གསར་བ། ཤུགས་སྣོན་གསར་བ། མཐོར་འདེགས་གསར་བ་མངོན་པར་བྱས་ཡོད། སྙན་ཞུའི་ནང་གཞི་གྲངས་དང་དོན་དངོས་ཀྱི་སྐད་ཆ་བཤད་དེ། གྲུབ་འབྲས་ངོ་མ་སྤྱི་བསྡོམས་དང་གནད་དོན་ངོ་མར་དབྱེ་ཞིབ་བྱེད་པ། བྱ་བ་ངོ་མར་འཆར་འགོད་བྱས་ཡོད།
ཡའོ་ཞའོ་ཡན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་འགན་སྲུང་མཁོ་འདོན་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི“སྣེ་འདྲེན་དམག”བྱས་ནས་ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་པ་དང་། འཛམ་གླིང་གི་འོད་ཤུགས་ཐོན་ལས་རྩེ་གྲའི་ལག་བསྟར་མཁན། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་ཚོད་ལྟ་མཁན་བྱེད་པར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར།
“སྲིད་གཞུང་བྱ་བའི་སྙན་ཞུའི་དོན་སྙིང་གཏིང་ཟབ་ཅིང་མིག་རྒྱང་རིང་བ་དང་། ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ། དངོས་ཐོག་བདེན་འཚོལ་ཡིན་པས། དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་དམ་པོར་བསྙེགས་པ་དང་། ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་མཐུན་པ། མི་དམངས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད།” ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཡི་འགོ་གཙོ་ཧྥུའུ་ཆང་གིས་བཤད་རྒྱུར། ལི་ཏུའུ་ཆུས་ཡིས་བསྣོལ་མར་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འདུ་ཤེས་བཙུགས་ནས་འཐབ་ཇུས་ཀྱི་དུས་སྐབས་དམ་འཛིན་དང་། མཁར་གྲོང་ཇེ་ལེགས་སུ་གཏོང་བའི་བསམ་ཕྱོགས། དཀྱིལ་སྙིང་ཁུལ་གྱི་འགན་འཁུར་མངོན་པ། མུ་མཐུད་དུ“ནུས་པ་གསབ་རེས”དང་།“ཐོན་ལས་བཀོད་སྒྲིག”“སྐྱེ་ཁམས་མཉམ་སྐྱོང་།”“རྒྱུ་རྐྱེན་གཙོ་བོ་འཁོར་སྐྱོད”“གྲུབ་འབྲས་མཉམ་སྤྱོད”སོགས་ཀྱི་གནད་དོན་ལ་སྐུལ་འདེད་དང་ཐག་གཅོད་ལེགས་པོ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། བཟོ་ཞིང་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་བང་ཁུན་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས“གསར་བ”གཙོ་བོར་བཞག་ནས་གྲུབ་འབྲས་སྤྱི་བསྡོམས་བྱས་པ་ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་པ། དམིགས་འབེན་བཀོད་སྒྲིག་བྱས་པ་བརྟན་ལ་ལག་བསྟར་བྱེད་ཆོག་པ། ལས་འགན་བཀོད་སྒྲིག་གི་གནད་གཙོ་བོ་འབུར་དུ་ཐོན་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་བ། ནང་དོན་ཁྱབ་རྒྱ་ཆེ་བ། ཞིང་ཆེན་གྱི་གནས་ཚུལ་ཡང་དག་པར་ཁོང་དུ་ཆུད་ཡོད་པས། དེ་ནི་ལས་འགན་ལག་བསྟར་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། དམངས་ཚིས་གྲུབ་འབྲས་ཀྱི་གཏམས་པ། མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་། དངོས་འཛིན་དངོས་སྒྲུབ་དང་བདེན་འཚོལ་དངོས་གཉེར་གྱི་ཡིད་ཆེས་དང་ཆོད་སེམས་ལ་སྔར་ལས་སྐུལ་སློང་བྱས་ཡོད། ཁོས་བཤད་རྒྱུར། སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་རིམ་པའི་དམངས་གཙོ་ཏང་ཁག་རྩ་འཛུགས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ལག་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། དོན་དངོས་སྒྲུབ་མཁན་བཟང་པོ་ཞིག་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། གཞི་རིམ་དུ་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱས་ནས་ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་ནུས་པ་འདོན་དགོས་པར་འདོད།
“ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་ཆེས་མཐོ་བའི་གོ་གནས་སུ་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་དགོས།”
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞའོ་ཁང་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་ཅིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ཡིག་འབྲུ་རེ་རེ་འཕེལ་རྒྱས་དང་འབྲེལ་ཡོད་པ་དང་། ཚིག་རྐང་རེ་རེ་དམངས་ཚིས་དང་དཀྱུས་གཅིག་ཏུ་འབྲེལ་ཡོད། སྙན་ཞུ་ཡིས་མཚོ་སྔོན་གྱི་འཕེལ་རྒྱས་མྱུར་ཚད་དང་དམངས་ཚིས་དྲོད་ཚད་གང་ལེགས་ཀྱིས་མཚོན་ཡོད་པ་རེད།
སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ནང་ཞུགས་མཁན་དང་ལག་བསྟར་མཁན་ཞིག་ཡིན་པའི་ཆ་ནས། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁུར་གྱི་ཤུགས་རྒྱག་ས་དང་གནད་འཚོལ་ཞིབ་ཡང་དག་པ་བྱས་ནས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་བྱ་བ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་ལ་དམིགས་ནས་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། དམངས་ཚིས་ཁེ་ཕན་མང་པོ་འཚོལ་བ་དང་དམངས་ཚིས་སེམས་ཁུར་མང་པོ་ཐག་གཅོད་བྱེད་པ་བཅས་བྱས་ནས་རྒན་པའི་ཉིན་རེར་འཕར་སྣོན་འབྱུང་བཞིན་པའི་སྣ་མང་ཅན་དང་། རིམ་པ་མང་བ། སྤུས་ཚད་མཐོ་བའི་ཞབས་ཞུའི་དགོས་མཁོ་ངོ་མ་བསྐང་རྒྱུ་ཡིན་ཟེར།
“སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཤུགས་ཚད་ཇེ་མགྱོགས་སུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས‘ཀྲུང་ཧྭའི་ཆུ་མཛོད’ཀྱི་ལྟ་སྲུང་བ་བྱེད་དགོས།” ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིག་ལུའུ་ཆིན་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་འདུ་ཤེས་གང་ལེགས་ཀྱིས་མཚོན་ཡོད་པ་དང་། དེ་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་། མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ཡག་པོ་ཞིག་རེད། རྗེས་ཕྱོགས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ལས་འགན་སོ་སོ་དོན་འཁྱོལ་ཡག་པོ་བྱ་རྒྱུར་དམིགས་ཏེ། འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་བ་དང་། འགན་འཁུར་དངོས་སྒྲུབ་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་རྒྱུ་ཡིན་ཟེར། འཐུས་མི་དང་ཨུ་ཡོན་ཚོས་གཅིག་མཐུན་གྱིས་ལྟོས་ན། འགོ་འཛུགས་ས་གསར་པའི་སྟེང་འགྲེངས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་ཀྱི་བྱ་བའི་འཆར་གཞི་དེ་དམིགས་འབེན་དངོས་སུ་འགྱུར་བར་བྱས་ནས་སེམས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་པར་བསྟན།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ལུགས་སྨན་ཁང་ནད་གཡོག་པུའུ་ཡི་ཀྲུའུ་རིན་གཡང་འཛིན་མཚོ་ཡིས་བཤད་རྒྱུར། འཕྲོད་བསྟེན་བདེ་ཐང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་ཚིས་འགན་སྲུང་ཡིན། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་མ་ལག་བདེ་བླག་ངང་འཕེལ་རྒྱས་བྱུང་བ་ནི་རོང་འབྲོག་མང་ཚོགས་བདེ་ཐང་ཡོང་བའི“འགོག་ར་དང་པོ”ཡིན། གཞི་རིམ་གྱི་སྨན་པ་ཞིག་ཡིན་པའི་ཆ་ནས་ངས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་བྱས་ནས། གཞི་རིམ་སྨན་བཅོས་མི་སྣའི་ཀྲུང་ལུགས་བེད་སྤྱོད་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ནུས་མཐོ་དང་སྟབས་བདེའི་སྨན་བཅོས་ཞབས་ཞུ་སྒྲུབ་པར་རང་གི་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་བུད་མེད་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའི་སློབ་གཙོ་ལིས་ཡོན་ཆིན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། མི་རིགས་ཁྱད་ལྡན་ལག་བཟོ་སྒྱུ་རྩལ་ཐོན་རྫས་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་ཡོད་པར་གྱུར། “སྟོང་སྐོར་ཀོ་གཙག”གཟུགས་འདས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། ངས་མུ་མཐུད་དུ་གསར་སྤེལ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་གྱི་མི་རིགས་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ་དང་། སྔར་ལས་མང་པའི་མི་བཀུག་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་བྱ་བའི་ཁྲོད་ཞུགས་སུ་འཇུག་རྒྱུ་ཡིན་ལ། གཟུགས་འདས་ཤུལ་བཞག་ཐོན་རྫས་ཀྱི་རིག་གནས་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་རྡལ་ཐེན་ཅ་ཀིག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝེ་ཀྲན་ལའེ་ཡིས་བཤད་རྒྱུར། ཉེ་བའི་ལོ་གཉིས་ཀྱི་རིང་། ཏ་ཐུང་ཏུང་ཞ་གྲོང་རྡལ་ཐེན་ཅ་ཀིག་སྡེ་བས་མཐོ་སྒང་གི་མཛེས་བའི་གྲོང་གསེབ་འཛུགས་སྐྲུན་དང་རོགས་སྐྱོར་ཡུལ་སྐོར་ལས་གཞི་འཛུགས་སྐྲུན། ཆུ་ལམ་བསྒྱུར་བཀོད། བཙོག་ཆུའི་སྦུག་ལམ་བསྒྱུར་བཀོད། གཞུང་ལམ་སྲ་གཏོང་སོགས་ལས་གཞི་ལ་བརྟེན་ནས། རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་འཐུས་ཚང་དང་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་བྱུང་བ། གྲོང་གསེབ་ཁོར་ཡུག་སྔར་ལས་ཡག་པ། ཡུལ་སྐོར་པ་ཉིན་བཞིན་མང་བ། ཡུལ་སྐོར་དཔལ་འབྱོར་དང་གྲོང་གསེབ་ཁྱིམ་ཚང་མགྲོན་ཁང་བཅས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཐེན་ཅ་ཀིག་སྡེ་བའི་འཕེལ་རྒྱས་བགྲོད་ལམ་རྒྱ་བསྐྱེད་དེ། ཐོན་ལས་གསུམ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་དྲུང་ཐར་གྱིས་བཤད་རྒྱུར།
འདས་ཟིན་པའི་ལོ་གཅིག་གི་ནང་མཐུན་སྒྲིལ་སྡེ་བས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་འགྲེམས་བྱེད་པ། ཚོང་ཁང་ཉོ་བ། ཐོན་ཁུངས་བོགས་གཏོང་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས། སྡེ་བའི་ཐུན་མོང་དཔལ་འབྱོར20%འཕར་ཡོད། དེ་དང་ཆབས་ཅིག་སྡེ་བས་སྐྱེ་ཁམས་ལྟ་སྐོར་ཞིང་ལས་དང་། སྤྲོ་གསེང་ཉམས་ལེན་ཞིང་ལས། ཁམས་གསོ་སྤྲོ་གསེང་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བས། སྡེ་མི་ཡོངས་ཀྱིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། 2024ལོར་ང་ཚོས་མུ་མཐུད་དུ་མཉམ་དུ་ཕྱུག་འགྱུར་ཡོང་བའི་ལམ་བུ་འཚོལ་ཞིབ་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ལ་ཕན་ཁེ་ཐོབ་པར་འབད་པ་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་རྣམ་རྒྱལ་སྐྱེ་ཁམས་ཁོར་ཡུག་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱིའི་འགན་འཛིན་པ་རྒྱ་མོ་ཐར་གྱིས་བཤད་རྒྱུར། འབྲོག་ཁུལ་དུ་གཞི་ཚུགས་པའི་དམངས་གཉེར་ཁེ་ལས་པ་ཞིག་ཡིན་པའི་ཆ་ནས། ངས་རོང་འབྲོག་ཁུལ་དུ་གཞི་ཚུགས་ཏེ་སྐྱེ་ལྡན་ལུད་ལས་སྣོན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། མ་རྐང་ནང་ཞུགས་པ་དང་མཉམ་དུ་གཉེར་སྐྱོང་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱིན་ཡོད། རྗེས་ཕྱོགས་ངས་མུ་མཐུད་དུ་ཐོན་ཁུངས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཞིར་བཟུང་སྟེ། ཐོན་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཕན་འབྲས་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དངོས་དོན་སྒྲུབ་པའི་ཁྲོད་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུ་སྤྱི་ཁྱབ་སྨན་ཁང་གི་མགོ་གཙོ་ཅཱ་དབྱིན་གྱིས་བཤད་རྒྱུར། སྨན་བཅོས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ངས་ད་ཐེངས་འཁྱེར་ཡོང་བའི་གྲོས་གཞི་ནི་སྨན་བཅོས་འཕྲོད་བསྟེན་ཕྱོགས་ཀྱི་གྲོས་གཞི་ཡིན། དཔེར་ན“ཚོགས་པ་རྣམ་པའི”སྨན་བཅོས་རོགས་སྐྱོབ་ཕྱོགས་ནས། ཞིང་ཆེན་ཕྱི་ནང་གི་སྨན་བཅོས་བྱ་བ་སྒྲུབ་མཁན་ཕུལ་བྱུང་ཅན་མང་པོ་གཞི་རིམ་གྱི་སྨན་ཁང་དུ་ཡོང་ནས་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་ཇེ་མཐོར་གཏོང་རོགས་བྱེད་པར་རེ་བ་བཅངས་ཡོད་པ་དང་ཆབས་ཅིག ང་ཚོར་མཚོན་ན་ཡང་སྨན་ཁང་གི་དོ་དམ་ཕྱོགས་ལ་མཁས་པའི་འཇོན་མི་ཅུང་ཉུང་བས་དེའི་ཕྱོགས་ཀྱི་ཆེད་མཁས་པ་ཡོང་ནས་ང་ཚོར་མཛུབ་སྟོན་དང་རམ་འདེགས་བྱེད་པར་རེ་བ་བཅངས་ཡོད། དེ་བཞིན་དུ“མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར”ལྟ་བུར་མཚོན་ན་སྨན་བཅོས་དཔུང་སྡེའི་བྱ་བའི་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ན་གཞོན་སྨན་བཅོས་མི་སྣ་ཕུལ་བྱུང་ཅན་མང་པོས་ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུ་ནུས་པ་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱེད་པར་རེ་བ་བཅངས་ཡོད་ཟེར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ། སྒྲོལ་མ་སྐྱིད།