དམངས་ཚིས་བདེ་སྐྱིད་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ལ་སྔར་ལས་སྐྱིད་པའི་འཚོ་བ་རོལ་ཏུ་འཇུག་དགོས།
2024.01.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

 ད་ལོའི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་།  མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྔར་ལས་མང་ཞིང་སྔར་ལས་དྲང་གཞག་གི་སྒོ་ནས་ཕན་པ་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།

ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། མི་དམངས་ཀྱིས་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་སྒྲུབ་པ། མི་དམངས་ཀྱི་བདེ་ཐང་སྔར་ལས་འགན་སྲུང་ལེགས་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་ཞབས་ཞུར་ཤུགས་སྣོན་བྱེད་པ།  རིག་གནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་སྙན་ཞུའི་ཁྲོད་ཀྱི་དམངས་ཚིས་བཀོད་སྒྲིག་རེ་རེ་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བའི་དོན་ཆེན་ཞིག་ཡིན།

རྒྱལ་ཁབ་སྐྱོང་བར་རྒྱུན་དང་དམངས་ཕན་རྩ་བར་འཛིན་དགོས། འགོ་འཛུགས་ས་གསར་པའི་སྟེང་། ཇི་ལྟར་བྱས་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཁྲོད་བྱེད་ཐབས་དངོས་འདོན་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་རྒྱུ་ནི་འཐུས་མི་དང་ཨུ་ཡོན་ཚོས་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱེད་པའི་གླེང་གཞི་ཞིག་ཏུ་གྱུར་ཡོད།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་བརྒྱད་གཅིག་སྲང་ལམ་སློབ་གྲྭའི་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཧྲ་ལིས་ན་ཡིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཧུར་བརྩོན་ཡར་ཐོན་དང་དཔལ་ཡོན་སྐྱོན་བྲལ་གྱི་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་དགོས་ཞེས་བཏོན་པ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱི་རིག་གནས་འཚོ་བར་དོ་ཁུར་བྱེད་པ་གང་ལེགས་སྒོས་མཚོན་ཡོད།   སྤྱི་པའི་རིག་གནས་ཞབས་ཞུ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་དཔེ་ཀློག་དང་། འཁྲབ་སྟོན་དང་འགྲེམས་སྟོན་ལ་ལྟ་བ།  རིག་གནས་བྱེད་སྒོར་ཞུགས་པ་སོགས་ཀྱི་དགོས་མཁོ་བསྐངས་ནས་མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་ཞིང་། སྤྱི་པའི་རིག་གནས་ཞབས་ཞུའི་གནད་སྨིན་མཁོ་སྤྲོད་ལ་དོ་སྣང་བྱས་ཏེ་སྤྱི་པའི་རིག་གནས་སྡེ་བ་དང་སྡེ་ཁུལ་ལ་བསྐྱོད་ནས་ཐད་ཀར་དགོས་མཁོ་སྐོང་དགོས།    གྲོང་ཁྱེར་དང་གྲོང་རྡལ་གྱི་སྐར་མ15ཡི་ལུས་སྦྱོང་ར་བ་དང་། རིག་གནས་ས་ཚིགས། གྲོང་ཁྱེར་གྱི་དཔེ་ཀློག་ཁང་། རིག་གནས་ཚོམས་ཁང་སོགས་ཀྱི་བར་སྟོང་ལེགས་པོར་བརྟེན་ནས།  མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་པ་དང་ཆབས་ཅིག སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་དང་བྱེད་སྒོ་སྤེལ་བའི་ཁྲོད་ཞུགས་པར་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས། ལྷག་པར་དུ་རིག་གནས་བར་སྟོང་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ནས། ཁེ་ལས་དང་ལས་དོན་སྡེ་ཁག་མང་པོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣེ་མང་མཉམ་སྐྲུན་གྱི་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ།   རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་སྐོང་དགོས་ཟེར།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་མཱ་ཅ་ཧྥུན་གྱིས་བཤད་རྒྱུར།   སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལས་དོན་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ལ་ཕྱོགས་ཡོངས་ནས་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད།   བདེ་ཐང་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་འཚོལ་སྙེག་ཞིག་ཀྱང་ཡིན། ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་ལ་སྔར་ལས་དོ་སྣང་བྱེད་པའི་ས་ཁོངས་ཀྱི་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ལྟེ་གནས་འཛུགས་རྒྱུར་ཤུགས་སྣོན་བྱེད་དགོས་པ་དང་། ལྷག་པར་དུ་ནད་པ་མང་ཞིང་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཀྱིས་ཞན་པའི་ས་ཁུལ་ལ་།  དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པ་དང་། གཞི་རིམ་སྟོབས་ཆེར་གཏོང་དགོས།  སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་གཏོང་བར་སྐུལ་འདེད་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཁྱིམ་ཚང་གི་སྨན་པ་དང་སྡེ་ཁུལ་སྨན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་སྤེལ་གང་ལེགས་བཅས་བྱེད་དགོས། ལྷག་པར་དུ་རྒན་པ་རྣམས་ལ་དམིགས་ཏེ་ནད་ཡམས་སྔོན་འགོག་གི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ།   སྔ་མོ་ནས་ཤེས་རྟོགས་དང་།   སྔ་མོ་ནས་སྨན་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་བཅད་ལྟར་བརྟག་དཔྱད་ཞབས་ཞུ་དང་ནད་གཞིར་ཞིབ་བཤེར་བྱས་ནས། སྔར་ལས་སྟབས་བདེ་དང་། ཕྱོགས་བསྡུས་རྒྱུན་མཐུད།  སྤུས་ལེགས་ཕན་མཐོ་བཅས་ཀྱི་རྒན་པའི་བདེ་ཐང་ཞབས་ཞུའི་མ་ལག་བསྐྲུན་ཏེ།   རྒན་པ་རྣམས་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཅི་ཆིན་གྱིས་བཤད་རྒྱུར། རྒན་པ་རྣམས་ལ་རྒས་དུས་གཉོར་མཁན་དང་རྒས་དུས་རྟེན་ས་ཡོད་པར་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་དམངས་ཚིས་དོན་ཆེན་ཞིག་ཡིན།   ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྤྱི་ཚོགས་འགན་སྲུང་ཞབས་ཞུར་ཤུགས་སྣོན་བྱེད་པ་དང་རྒན་གསོའི་ཞབས་ཞུའི་མ་ལག་ལ་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་པོ་བཟོས་ཡོད། རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ནི་རྒན་གསོའི་ཞབས་ཞུའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།  རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན།  ཡིན་ན་ཡང་མིག་སྔའི་རང་ཞིང་གི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ཚེ་སྔར་བཞིན་མངོན་གསལ་དོད་པའི་ཞན་ཆ་དང་མི་འདང་ས་གནས་ཡོད།  གཞི་ཁྱོན་འོས་འཚམ་དང་། གྲུབ་ཚུལ་ལུགས་མཐུན། བྱང་ཚད་མཐོ་བ། རྒན་བཀུར་ལས་བཀུར་བཅས་ཀྱི་རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་དཔུང་ཁག་སྐོར་ཞིག་ཧུར་ཐག་གིས་བསྐྲུན་པའི་རྨང་གཞིའི་སྟེང་། རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་བསླབས་རིམ་སློབ་གསོ་དང་། ལས་རིགས་སློབ་གསོ། རྒྱུན་མཐུད་སློབ་གསོ། དངོས་སྦྱོང་གསོ་སྦྱོང་བཅས་ཕྱོགས་བཞི་གཞི་གཅིག་ཅན་གྱི་གསོ་སྦྱོང་བྱེད་སྟངས་ཤིག་གཏོད་པ་དང་ཆབས་ཅིག  ཆེད་ལས་ལག་རྩལ་མི་སྣའི་གླ་ཕོགས་སྐུལ་ལྕག་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མི་སྣའི་ཐོབ་ཐང་ཇེ་མཐོར་བཏང་སྟེ།  སྤུས་ཚད་མཐོ་བའི་རྒན་གསོའི་ཞབས་ཞུར་བརྟེན་ནས་རྒན་པ་རྣམས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་འདུན་པ་ལེགས་པོར་སྐོང་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།  ཟི་ལིང་ནགས་ཚལ་བྱིས་གཉོར་ཁང་གི་སློབ་གཙོ་ལུའུ་ཁྲིན་ཧོས་ཀྱིས་བཤད་རྒྱུར། དམངས་ཚིས་ལེགས་བཅོས་བྱེད་པར་སློབ་གསོ་ནི་རྨང་གཞི་ཡིན། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་རེ་སྒུག་བྱེད་པའི་དོན་དངོས་དང་དོན་བཟང་ལ་དམ་པོར་དམིགས་ནས། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཇུས་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།  རང་རེའི་ཞིང་ཆེན་གྱི་སློབ་སྔོན་སློབ་གསོའི་འཕེལ་རྒྱས་དམིགས་འབེན་དེ“གོ་སྐབས་ཡོད་པ”ནས“སྤུས་ཚད་ཡོད་པར”བར་བརྒལ་བྱུང་ཞིང་།   སློབ་སྔོན་སློབ་གསོ་དེ་བར་བརྒལ་ནས་སྤུས་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར། སློབ་ཞུགས་གོ་སྐབས་ཇེ་མང་དུ་གཏོང་དགོས་པར་མ་ཟད། ད་དུང་གཞི་ཁྱོན་ལ་སྐུལ་འདེད་དང་སྤུས་ཚད་ལ་དོ་སྣང་བྱེད་པ་ཟུང་འབྲེལ་བྱེད་དགོས།   རྩེ་རིམ་ཇུས་འགོད་ནས་འགོ་བརྩམས་ཏེ“སྤུས་ཚད་མཐོ་བའི་འཕེལ་རྒྱས”དེ་དོན་གཉེར་གྱི་དམིགས་འབེན་དུ་བརྩིས་ནས། སྤུས་ཚད་མཐོ་བའི་སློབ་སྔོན་སློབ་གསོའི་རྐྱེན་སྲོལ་འཛུགས་པ་དང་།  དཔྱད་དཔོག་དང་ཚད་འབེབས་མ་ལག་ཆགས་པར་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་རྐྱེན་སྲོལ་གྱིས་སློབ་སྔོན་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།