དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྒྱུགས་ལན་གསར་བ་སྤྲོད་དགོས།
2024.01.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

---མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་དོན་ལག་བསྟར་དངོས་འབེབ་བྱེད་པ། འབད་བརྩོན་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ཚོགས་ཆེན་སྟེང་ན་ནིང་རང་ཞིང་ཀྱག་ཀྱག་གི་འགག་སྒོ་མང་པོ་བརྒྱུད་པ་དང་ཧུར་བརྩོན་འབད་འཐབ་ཀྱི་འཕེལ་རྒྱས་ཉམས་མྱོང་སྤྱི་བསྡོམས་བྱས་ཤིང་། ད་ལོའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྔོན་དཔག་དམིགས་འབེན་གཙོ་བོ། བྱ་བའི་གནད་ཆེ་ས་བཅས་གཏན་འཁེལ་བྱས་པ་དང་། ད་ལོའི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ངེས་པར་དུ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བའི་གནས་ལུགས་ཟབ་མོ་ཞིག་ཏུ་བརྩི་བ། སྔར་ལས་ལྷག་པའི་སྒོ་ནས་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པ་དང་། འཕེལ་རྒྱས་ཀྱིས་བརྟན་འཇགས་ལ་སྐུལ་འདེད་གཏོང་བ། སྔོན་འཛུགས་རྗེས་གཏོར་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་གཏོང་བར་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་དགོས།

ད་ལོར་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས་ན། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངེས་པར་དུ་གོ་བ་ཟབ་མོ་ལེན་དགོས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དངོས་འབེབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོན་པོས་མཐོང་ཆེན་གནང་བ་དང་། མཚོ་སྔོན་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་ཅིང་། མཚོ་སྔོན་འཕེལ་རྒྱས་ཀྱི་གནད་འགག་མཚམས་སུ་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་ནས་བྱ་བར་མཛུབ་སྟོན་གནང་ཞིང་། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་མཚོ་སྔོན་ལ་ཁ་ཕྱོགས་བསྟན་པ་དང་། ལས་འགན་གསལ་བོ་བྱས་ལ། དམིགས་འབེན་གཏན་འཁེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་བཞེངས་བྱས་པའི་འཐབ་ཇུས་འཆར་འགོད་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་ལྟར་སྣེ་ཁྲིད་བྱས་པའི་འོག་ཏུ། ང་ཚོས་ལོ་རྒྱུས་གསར་སྐྲུན་དང་། གྲུབ་འབྲས་འོད་སྟོང་འཕྲོ་བ་བླངས་ཡོད། སྐྱོད་ལམ་གསར་བ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་གཏམས་པའི་རྒྱང་སྐྱོད་ཅིག་ཡིན་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་དཔལ་ངར་ཆེན་པོས་མདུན་སྐྱོད་བྱས་ན། ད་གཟོད་མུ་མཐུད་དུ་གཟི་འོད་གསར་བ་འབྲི་ཐུབ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པའི་ཆེས་ཐད་ཀའི་ཞིབ་བཤེར་ཡིན་པའི་ཆ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། སྟོབས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འབུལ་དགོས།

གནས་ལུགས་ཆེན་མོ་སླ་མོར་གཏོང་བ་དང་། དོན་དངོས་སྒྲུབ་པ་གཙོ་བོར་འཛིན་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཞུགས་ནས་དུས་རབས་གསར་བའི་རྒྱུགས་ལན་འདེབས་མཁན་བཟང་པོ་ཞིག་བྱེད་རྒྱུ་དེ་ནི་མཚོ་སྔོན་གྱི་མི་རེ་རེའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ཞིག་རེད། ང་ཚོ་མི་རེ་རེས་མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་དགོས་པ་དང་། ལྷག་པར་དུ་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་དང་། རིན་ཐང་ལྟ་བའི་ཁྲོད་འདྲེས་སུ་བཅུག་ནས་བསམ་པ་ཡོད་ཚད་དང་སེམས་ཤུགས་ཡོད་ཚད་ལས་སྒྲུབ་གསར་གཏོད་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་བཞག་སྟེ། ད་ལོར་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཚད་ལྡན་གྱི་རྒྱུགས་ལན་ཞིག་སྤྲོད་དགོས། ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་ལས་བྱེད་པས་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་པའི་བརྩེ་སེམས་དང་འགན་འཁྲི་བརྟན་སྲུང་བྱས་ནས་ལས་བྱེད་པས་སྒྲུབ་པའི་སྙིང་སྟོབས་དང་བསམ་ཕྱོགས་གསལ་བོ་སྦྱོང་བརྡར་གྱི་རྨང་གཞིའི་ནུས་པ་མུ་མཐུད་དུ་སྐུལ་སློང་བྱས་ནས་རང་གཅུན་ནན་མོའི་རྣམ་པ་གསར་བ་མངོན་པར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱ་བ་སོ་སོ་ཕན་འབྲས་ལྡན་པའི་སྒོ་ནས་དངོས་འབེབ་བྱེད་པ་དང་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། མདུན་སྐྱོད་ཁྲོད་མུ་མཐུད་དུ་མཐོ་སར་བསྙེགས་པ་དང་། ཧུར་བརྩོན་ཆེན་པོས་སྐྱོད་ལམ་གསར་བའི་སྟེང་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།

 ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་པའི་ལོ་ཡིན་པ་དང་། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནན་ཏན་གྱིས་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། དར་ཆ་མཐོན་པོར་བསྒྲེངས་བ་དང་། ཁ་ཕྱོགས་ངོས་འཛིན་གསལ་བོ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ངེས་ཤུགས་སྲུང་འཛིན་བྱེད་པ། ཆར་རླུང་ལ་མི་འཛེམ་པ། དཀའ་གནད་ལ་བརྒལ་བར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་རྒྱུགས་ལན་གསར་བ་སྤྲོད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།