སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་ཆུ་ཚད་མཐོན་པོས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས།
2024.01.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་སྐྱེ་ཁམས་ཉམས་ན་དཔལ་ཡོན་ཉམས། སྐྱེ་ཁམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་དང་འབྲེལ་བ་ཡོད།     སའི་གོ་ལའི་མཐའ་སྣེ་གསུམ་པའི་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱས་ནས།   མཚོ་སྔོན་གྱི་གལ་འགངས་ཆེ་ལ་དམིགས་བསལ་གྱི་སྐྱེ་ཁམས་ནུས་པ་འདོན་སྤེལ་བྱས་ཏེ།   མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱེད་རྒྱུ་ནི་མཚོ་སྔོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད།  ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྔོན་ལ་འཛུགས་སྐྲུན་བྱེད་པར་ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་ཡོད། ང་ཚོས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན་ནས།  བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྲུང་བ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་ཆུ་ཚད་མཐོན་པོས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ལོ་ངོ་སྟོང་གི་ཇུས་ཆེན་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས། རང་བྱུང་ཁམས་ནི་མིའི་རིགས་འཚོ་གནས་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡིན་ཞིང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་ཞེས་བསྟན་ཡོད། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་པའི་ངོས་ནས།   ལོ་རེ་བཞིན་རྒྱལ་ཡོངས་སུ་བསྐྱལ་བ་ནི་དྭངས་གཙང་གི་ཆུ་དང་ནུས་རྒྱུ་གཙང་མ་ཙམ་དུ་མ་ཟད།  མཐོ་སྒང་གྲང་ཁུལ་གྱི་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་དང་རིམ་པ་མང་བའི་ཐཱན་བསྡུ་ཞབས་ཞུ་མཁོ་འདོན་བྱེད་པའི་འགན་འཁྲི་གལ་ཆེན་ཡང་འཁུར་ཡོད་པས་རང་རྒྱལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་མ་ཟད།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་གནས་བབ་ལྡན།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་ནས། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཡིན་པ་དང་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་པ། མཚོ་སྔོན་གྱི་ཆེས་ཆེ་བའི་སྦས་ཤུགས་དེ་སྐྱེ་ཁམས་ཡིན་ཞེས་བསྟན་པ་དང་།   མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞེས་ནན་གྱིས་བསྟན་ནས།   སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ་དང་།   ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་གལ་ཆེན་ལེགས་པོར་འཁུར་དགོས་པའི་བླང་བྱ་བཏོན་ཡོད།  རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་འཕེལ་རྒྱས་ལ་དམིགས་ནས།  མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་སྔར་བྱུང་མ་མྱོང་པའི་ལོ་རྒྱུས་ཀྱི་མཐོ་ཚད་དུ་བཞག་ནས། མཚོ་སྔོན་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་དང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་།    མཚོ་སྔོན་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ་ནི་བྱས་རྗེས་ཡིན་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་ནི་བྱས་རྗེས་ཡིན་ཞེས་བསྟན་ཡོད།    དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་གསེར་རི་དངུལ་རི་ནི་འགལ་ཟླ་ཞིག་གཏན་ནས་མིན་ཞིང་། གནད་འགག་ནི་མི་དང་འདུ་ཤེས་ལ་ཐུག་ཡོད། སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། འཕེལ་རྒྱས་ཀྱི་ཁྲོད་དུ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱས་ཏེ།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས།

ང་ཚོས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་རྣམ་དག་གི་ལག་ལེན་བྱེད་མཁན།   ནུས་ལྡན་གྱི་སྐུལ་འདེད་བྱེད་མཁན་བཅས་བྱས་ནས།  སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཕྲག་ཏུ་ཏན་ཏིག་གིས་འཁུར་ཏེ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།   མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བཅས་བྱས་ཏེ། ལྗང་མདོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མདང་ཡིན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན་ཡིན་པ་གཏན་འཁེལ་གསལ་བོར་བྱས་ཏེ།  ལས་བྱེད་པས་ལས་ལ་འབད་དགོས།  རིག་ལམ་གསལ་དགོས།  རང་གཅུན་དམ་དགོས་པའི་ཆབ་སྲིད་ཀྱི་རང་རྟོགས་དང་།  མཚོ་སྔོན་ལ་རྒྱུས་མངའ་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བ་བཅས་ཀྱི་བརྩེ་སེམས་དང་འགན་འཁྲི་ཁུར་ནས།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྱོན་ཡོངས་ལ་བཞག་ནས་བསམ་གཞིག་དང་འཆར་འགོད། སྐུལ་འདེད་བཅས་བྱེད་དགོས། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ཉམས་གསོ་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ།  ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  ལྷག་བསམ་ཟོལ་མེད་ཀྱིས་ནམ་མཁའ་དང་ས་གཞི་ཆེན་པོ་སྲུང་སྐྱོབ་བྱས་ནས།  མི་དམངས་མང་ཚོགས་ལ་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་པ།  ཆུ་བོ་དྭངས་ཤིང་གཙང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཏུ་འཚོ་བ་རོལ་ཏུ་འཇུག་དགོས།

                                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།