“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་དམ་པོར་བཅངས་ནས་ས་རྒོད་བཅོས་སྐྱོང་ཐད་མཚོ་སྔོན་གྱི་རྒྱུགས་ལན་བཟང་པོ་སྤྲོད་དགོས།
2024.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་ནི་བཏུལ་ཐང་གི་འགྲམ་རྒྱུད་དང་ས་གྲུ་བཞིའི་སྨད་རྒྱུད་དུ་གནས་ཡོད། དུས་རབས་ཕྱེད་ཙམ་གྱི་སྔོན་ལ། ས་གྲུ་བཞི་ས་ཁུལ་བྱེ་ཐང་ཅན་དུ་འགྱུར་ཚད་ཀྱིས་སྤྱིའི་རྒྱ་ཁྱོན་གྱི90.28%ཟིན་ཡོད་པས། བྱེ་སྒང་གིས་ས་ཞིང་ཁྱུར་མུད་བཏང་ཞིང་ལྗང་མདོག་གི་ཕ་གཞིས་དྲོན་མོ་དེ་སྐྱ་ཐིང་ཐིང་གི་མྱ་ངམ་ཐང་ཞིག་ཏུ་གྱུར་འདུག ས་གྲུ་བཞི་མི་དམངས་ཀྱིས་དུས་ཡུན་རིང་པོའི་འགྱུར་མེད་ཆོད་སེམས་དང་འབད་འབུངས་ལས་བྱེ་མས་བཏུམས་པའི་ས་ཁུལ་དེ་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར། ད་ལྟ་ས་གྲུ་བཞི་ཡུལ་ཚོའི་ཁོར་ཡུག་ལ་རྣམ་པ་གསར་པ་མངོན་ཞིང་། ཡུལ་གྲུ་ཀུན་ཏུ་སྔོ་ལྗང་གི་འདབ་ལོ་རབ་ཏུ་རྒྱས་ཏེ། སྔོན་ཆད་ཀྱི་སྐྱ་ཐིང་ཐིང་གི་རྣམ་པ་དེ་ཡོངས་སུ་འགྱུར་འདུག

ས་གྲུ་བཞི་ཡུལ་ཚོ་ནི་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་སྐམ་སའི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་གནས་ལྟ་བུར་གྱུར་ཡོད། དེའི་རྒྱབ་ཏུ་དུས་རབས་ཕྱེད་ཙམ་གྱི་རིང་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འབད་འབུངས་ལྷུར་ལེན་གྱིས་བསྐྲུན་པའི“སྔོ་ལྗང་ངོ་མཚར”གྱི་བྱས་རྗེས་དང་ཁ་འབྲལ་ཐབས་མེད། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་བྱེ་འགྱུར་ས་ཆ་འགོག་སྡོམ་སྲུང་སྐྱོབ་ཁུལ་འཛུགས་པའི་བྱེད་ཐབས་བརྒྱུད་དེ། གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་དང་ས་ཆུ་སྲུང་འཛིན་བཞུར་ཁུལ་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་གཞི་གལ་ཆེན་ལག་བསྟར་བྱས་ཤིང་། “སྔོ་འདེབས་བྱེ་སྐྱུར”གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་ཏུ་བཏང་བས། ལྗང་མདོག་སྲུང་ཡོལ་ཡང་རྒྱུན་ཆད་མེད་པར་སྲ་བརྟན་དུ་གྱུར། ལྷག་པར་ཏུ“ལོ་ལྔའི་འཆར་འགོད་བཅུ་གསུམ”གྱི་དུས་སྐབས་སུ། རང་ཞིང་གིས་རིམ་བསགས་ཀྱིས་སྤྱི་ཆིང་འབུམ་ལྔ་དང་ཁྲི་བདུན་སྟོང་བཞི་ལྷག་ལ་བྱེ་འགོག་བྱེ་བཅོས་ཀྱི་འགན་འཁྲི་ཡོངས་འགྲུབ་བྱས་པ་དང་། ལོ་རེར་ཆ་སྙོམས་ཀྱིས་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་ལྷག་དང་ས་རྒོད་སྤྱི་ཆིང་ཁྲི་གཅིག་ལྷག་ཇེ་ཉུང་དུ་བཏང་། བྱེ་ཐང་ས་ཁུལ་དུ“བྱེ་མས་མི་འདེད་པ”ནས“ལྗང་མདོག་གིས་བྱེ་མ་འདེད་པའི”ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། ས་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན“གཉིས་ཀ་མར་ཆག་པའི”རྣམ་པ་མངོན་ཏེ། “བྱང་གསུམ”ལས་གཞི་འཛུགས་སྐྲུན་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད།

རང་ཞིང་གི་ས་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་བཅོས་སྐྱོང་ཐད་ནས“སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བ་དང་ལེགས་བཅོས་ཇེ་མགྱོགས་སུ་སོང་བའི”རྣམ་པ་གསར་པ་མངོན་ཡོད་ཅེས་བཤད་ཆོག་མོད། འོན་ཀྱང་བྱེ་འགྱུར་ཅན་གྱི་ས་རྒྱ་ཆེ་ཞིང་ཁྱབ་རྒྱ་ཡངས་ལ། བཅོས་སྐྱོང་དཀའ་བའི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་བ་བྱུང་མེད། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་པ་དང་། རང་རྒྱལ་གྱི་ས་རྒོད་ཅན་གྱི་ས་རྒྱ་དང་ཁྱབ་རྒྱ། བྱེ་རླུང་གི་གནོད་འཚེ་ཧ་ཅང་ཆེ་བའི་ཞིང་ཆེན་གྲས་ཀྱི་གཅིག་ཀྱང་ཡིན། ས་རྒོད་ཅན་དང་བྱེ་རླུང་། ས་ཆུ་ཤོར་བ་བཅས་ཀྱིས་སྐྱེ་ཁམས་ལ་གནོད་འཚེ་ཐེབས་པར་མ་ཟད། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་འགོག་ཐེབས་ཀྱིན་ཡོད། དེའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དང“བྱང་གསུམ”ལས་གཞི་སྐབས་དྲུག་པའི་སྐུལ་སྤེལ་གྲོས་ཚོགས་ཀྱིས་བསྟན་དོན། བྱེ་འགོག་བྱེ་བཅོས་བྱ་བ་ནི་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཛུགས་འཛུགས་སྐྲུན་གྱི་མི་འདང་ས་ཡིན།“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་དམ་པོར་འཛིན་པ་དང་། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པའི”བྱ་བའི་བླང་བྱ་ལྟར། བྱེ་འགོག་བྱེ་བཅོས་ཀྱི་བྱ་བ་དེ་ཆེས་གལ་ཆེ་བའི་གོ་གནས་སུ་འཇོག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་པོར་འཛུགས་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མིའི་རིགས་སྔར་ལས་ལྷག་པའི་སྒོ་ནས་འཚོ་གནས་དང་འཕེལ་རྒྱས་སུ་འགྲོ་དགོས་ན། ངེས་པར་ཏུ་བྱེ་འགོག་བྱེ་བཅོས་བྱེད་དགོས། འདི་ནི་རི་གཟར་ངོས་སུ་རྡོ་འདེད་པའི་གོ་རིམ་ལྟ་བུ་ཞིག་ཡིན་པས་ལྷོད་གཡེང་ཏོག་ཙམ་བྱས་ཚེ་ཡང་ནས་བསྐྱར་དུ་འབྱུང་སྲིད།” 2021ལོ་ནས2030ལོ་ནི“བྱང་གསུམ”བཟོ་སྐྲུན་སྐབས་དྲུག་པའི་བཟོ་སྐྲུན་འཛུགས་སྐྲུན་དུས་རིམ་དང་བྱེ་འགོག་བྱེ་བཅོས་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པའི་གནད་འགག་གི་དུས་རིམ། “བྱང་གསུམ”བཟོ་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་གྱི་དུས་རིམ་བཅས་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་རྒོད་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང“བྱང་གསུམ”བྱ་བར་སྐུལ་འདེད་གཏོང་བ་སོགས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ཁྲིད་སྟོན་དུ་འཛིན་པ་དང་། བྱེ་འགོག་བྱེ་བཅོས་བྱ་བའི་དུས་ཡུན་རང་བཞིན་དང་དཀའ་ལས་རང་བཞིན། བསྐྱར་འཕར་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན་བཅས་སྔར་ལས་གསལ་པོར་རྟོགས་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། འགན་འཁྲིའི་རང་བཞིན་དང་མྱུར་མཁོ་རང་བཞིན་ཇེ་དྲག་ཏུ་གཏོང་བ། འགན་འཁྲིའི་ཁག་ཁུར་རང་བཞིན་ལ་ཤུགས་སྣོན་པ། ནན་སྒྲུབ་དངོས་སྒྲུབ་ཀྱི་སྙིང་སྟོབས་མངོན་པར་བྱེད་པ། བྱེ་འགོག་བྱེ་བཅོས་བྱ་བ་སྔར་ལས་གོ་གནས་གལ་ཆེན་དུ་འཇོག་པ་བཅས་བྱས་ཏེ། དུས་རབས་གསར་པའི་བྱེ་འགོག་བྱེ་བཅོས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། “ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། མ་ལག་བཟོ་སྐྲུན་དང་ཁྱོན་ཡོངས་ཟུར་ཚད་ནས་བཅོས་སྐྱོང་བགྲོད་ལམ་འཚོལ་ཞིབ་བྱེད་པ་བཅས་ཀྱིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག ཁྱོན་ཡོངས་ལ་ཐབས་ཇུས་འདོན་པ། བྱེད་ཐབས་སྣ་མང་བཅས་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་སྤེལ་དགོས། བཟོ་འགོད་ཀྱིས་བྱེ་འཇགས་དང་སྐྱེ་དངོས་ཀྱིས་བྱེ་བཅོས་བྱེད་པ་གཉིས་ཟུང་དུ་སྦྲེལ་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་ཡུན་རིང་བདག་སྐྱོང་གཉིས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ། ཕྱོགས་བསྡུས་ཕན་འབྲས་གཙིགས་སུ་འཛིན་པ། བཅོས་སྐྱོང་བྱེད་ཐབས་དང་རྩྭ་སྡོང་འཛུགས་སྟངས། ལས་གཞིའི་བྱེད་ཐབས། བཟོ་སྐྲུན་འཛུགས་སྟངས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བདམས་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་མཉམ་རྒྱལ་ཡོང་བ་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱེ་འགོག་བྱེ་བཅོས་བྱེད་པ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པ་དེ་རྩ་བའི་དམིགས་འབེན་བྱེད་པ། ཡུལ་བབ་དང་བསྟུན་པ་དང་གནོད་འཚེ་དང་བསྟུན་ནས་འགོག་སྲུང་བྱེད་པ། རིགས་བགར་ནས་བྱེད་ཐབས་འདོན་པ་བཅས་བྱས་ཏེ། གཅིག་གྱུར་མཐུན་སྦྱོར་ཡོང་བར་ཤུགས་སྣོན་པ་དང་གཙོ་གནད་བཅོས་སྐྱོང་གཙོར་འཇོག་པ། ཕྱོགས་ཡོངས་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཏེ། ས་རྒོད་བཅོས་སྐྱོང་བྱེད་པའི་མཚོ་སྔོན་གྱི་རྒྱུགས་ལན་བཟང་པོར་སྤྲོད་པ་དང་། “བྱང་གསུམ”བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་བཟང་པོར་རྒྱག་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་པ་དང་། མཛེས་པའི་ཀྲུང་གོ་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།