ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
2024.02.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

—ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཐོག་2024ལོའི་དམིགས་འབེན་ལས་འགན་དང་གཙོ་གནད་བྱ་བའི་བཀོད་སྒྲིག་བྱེད་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་དམིགས་ཏེ་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པར་ནན་བཤད་བྱས་ཡོད། ང་ཚོས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་བཏོན་པའི་བླང་བྱ་ལྟར། ཐོན་ལས་ཀྱི“གནས་བཞིས”སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་ཤུགས་ཆེར་གཏོང་བ། སྲོག་ཤིང་ཐོན་ལས་ཁྱུ་སྒྲིག་བཅས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་ཆགས་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རྨང་གཞི་སྔར་ལས་མངོན་གསལ་དུ་གཏོང་དགོས།

རང་རྒྱལ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་གཏོང་སྟངས་སོགས་ལ་བབ་བསྟུན་གྱི་འཕོ་འགྱུར་བྱ་དགོས། ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་དཔལ་འབྱོར་སྤྱི་ཚོགས་མ་ལག་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རིམ་སྤོར་ལ་ལྡོག་སྐུལ་བྱས་ཏེ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དང་དེའི་བཀོད་སྒྲིག་ཆུ་ཚད་མགྱོགས་མྱུར་ཇེ་ལེགས་སུ་བཏང་ནས་ཐོན་ཁུངས་དང་། ཐོན་སྐྱེད། འཛད་སྤྱོད་སོགས་ཀྱི་རྒྱུ་རྐྱེན་དེ་ཆུ་ཚད་སྔར་ལས་མཐོ་བའི་ཐོག་ཕན་ཚུན་འཚམ་མཐུན་ཡོང་བ་བྱས་ནས། ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་གྲུབ་ཆ་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས། བར་སྟོང་རྣམ་པ་སོགས་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ང་ཚོས་མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་དུས་སྐབས་བཟང་ཤོས་སུ་གནས་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དེ་དམ་པོར་བཟུང་ནས། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་དང་། ཁྱད་ལྡན་ཁྱད་སྟོབས་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་དང་ཡར་བརྩོན་བརྟན་སྐུལ། གསར་འཛུགས་རྙིང་གཏོར་བཅས་རྒྱུན་འཁྱོངས་བྱས་ནས། ཐོན་སྐྱེད་བྱེད་སྟངས་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་ཤུགས་ཇེ་མགྱོགས་སུ་གཏོང་དགོས།

ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གནད་དོན་གསར་པ་དང་། གནས་ཚུལ་གསར་པ། འགྲན་སློང་གསར་པ་བཅས་ལ་ཁ་གཏད་འཇལ་དགོས་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་གནད་འཁེལ་ངང་ལག་བསྟར་བྱེད་པ་དང་། ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། འབད་འབུངས་ཡར་བརྩོན་བྱེད་པ། ཏན་ཏན་ཏིག་ཏིག་བྱེད་པ། གསར་འབྱེད་ཡར་བརྩོན་བྱེད་པ། གོ་སྐབས་གསར་པ་བརྩོན་ལེན་བྱེད་པ། ལམ་བུ་གསར་པ་གཏོད་པ། བྱ་ཐབས་གསར་པ་གཏོད་པ་བཅས་བྱེད་དགོས། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པའི་ངོས་འཛིན་ཟབ་མོ་བྱས་ཏེ། ནུས་ཤུགས་སྔར་ལས་ཆེ་བར་བརྟེན་ནས་གསར་གཏོད་ཀྱི་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་གཏོད་ལ་བརྟེན་ནས་བཟོ་སྐྲུན་ལ་སྣེ་ཁྲིད་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་དོན་འཁྱོལ་བྱེད་པ། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་སྦྲེལ་ཐག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་བཅས་བྱེད་དགོས། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས། སྲོལ་རྒྱུན་གྱི་ཁྱད་སྟོབས་ཐོན་ལས་ལྗང་མདོག་འཕེལ་རྒྱས་དང་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ། ནུས་རྒྱུ་གཙང་མའི“ཕྱོགས་ལྔ་གཞི་གཅིག”གི་སྐུལ་འདེད་རྣམ་པ་གཏོད་པ། གསོག་འཇོག་དང་ནུས་རྒྱུ་སྣ་མང་ཅན་བསྐྲུན་པའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། “ལྟེ་བ་གཅིག་དང་སྒྲོམ་གཞི་གཅིག ཡུལ་སྐོར་ལམ་ཐིག་མང་བ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་གཏོད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕྱིར་གཏོང་གི་བྱ་སྤྱོད་སོགས་ལག་བསྟར་བྱས་ཏེ། ཕྱོགས་སྒྱུར་དང་སྤུས་ཚད་མཐོ་རུ་གཏོང་ཚད་ཇེ་མགྱོགས་སུ་གཏང་དགོས། གཞི་གྲངས་ཅན་དང་ཆ་འཕྲིན་ཅན་གྱི་རླབས་རྒྱུན་དང་བསྟུན་ནས། གཞི་གྲངས་ཅན་གྱི་བསམ་ཕྱོགས་སྐྱེད་སྲིང་བྱེད་པ་དང་། གྲངས་འཛིན་ལག་རྩལ་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ།“ཤར་གྲངས་ནུབ་རྩིས་”དང་“ཤར་གྲངས་ནུབ་གསོག” “གཞི་གྲངས་མཚོ་སྐྱོར་”བཅས་ལ་དམིགས་ནས། “གཞི་གྲངས་རྒྱུ་རྐྱེན་”གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱེད་པ་དང་འབྲེལ་ཡོད་ཉེར་སྤྱོད་རྣམ་པ་གཏོད་པ། གཞི་གྲངས་ཐོན་ལས་ཚོགས་པ་གཏོད་པ། ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་གྱི་ནུས་སྤྲོད་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ། འཚོ་བའི་ཞབས་ཞུའི་ལས་རིགས་གཞི་གྲངས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་གཞི་གྲངས་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

ལྗང་མདོག་ཐཱན་ཉུང་ནི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གནད་འགག་གི་རིམ་པ་ཞིག་ཀྱང་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་གཞིགས་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་དགོས། བརྩོན་པའི་རྒྱུན་མ་ལྷོད་པར་སེམས་ཤུགས་བརྟན་པོ་བཅངས་ནས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།