བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་ནས་ཐབས་ཤེས་སྦྱོང་བ་དང་འཇོན་ཐང་ཆེ་རུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཞིང་ཆེན་དུ་གཟིགས་ཞིབ་གནང་སྐབས། བྱང་ཤར་ས་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་ནུས་པ་གལ་ཆེན་གླེང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཚད་བརྟན་འཇགས་དང་མཁོ་སྤྲོད་འགན་ལེན་གྱི་རྨང་རྡོ་ཡག་པོ་ཞིག་བྱེད་རྒྱུ་ནི་བྱང་ཤར་གྱི་འགན་འཁྲི་ཨང་དང་པོ་ཡིན་པ་གསལ་བཤད་གནང་བར་མ་ཟད། རྒྱུན་ལྡན་གྱི་ཐོན་སྐྱེད་འགན་ལེན་དང་མཁོ་སྤྲོད་འདང་ངེས་འགན་ལེན་བྱས་ཏེ་ཛ་དྲག་གི་གནས་ཚུལ་འོག་མཁོ་སྤྲོད་ཐུབ་པ་དང་བློས་འགེལ་ཐུབ་པ་བྱེད་དགོས། འདི་ནི་བརྒྱུད་རིམ་ལྡན་པའི་འདུ་ཤེས་ཤིག་ཡིན་ཞེས་བསྟན་ཡོད།
བརྒྱུད་རིམ་ལྡན་པའི་འདུ་ཤེས་ནི་རྨང་གཞིའི་རང་བཞིན་ལྡན་པའི་བསམ་བློ་དང་བྱ་བའི་བྱེད་ཐབས་ཤིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱུད་རིམ་ལྡན་པའི་ཚན་རིག་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག བརྒྱུད་རིམ་ལྡན་པའི་བྱེད་ཐབས་བཅས་ཀྱིས་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་མཁས་པོ་བྱེད་དགོས་ཞེས་ནན་བཤད་གནང་བར་མ་ཟད། འགོ་ཁྲིད་ལས་བྱེད་པས་གནད་དོན་ལ་བསམ་བློ་གཏོང་བ་དང་ཐབས་ཇུས་འདོན་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་བཅངས་ནས་དོན་ཆེན་མང་ཙམ་སྒྲུབ་པ་ལས་ཁེ་བཟང་རག་ཐབས་མི་བྱེད་པའི་བླང་བྱ་བཏོན་ཡོད།
སྤྱི་ཡོངས་ལ་ངོས་འཛིན་ཡང་དག་དང་། རང་རྟོགས་ངང་སྤྱི་ཡོངས་ལ་བསྟུན་པ། སྤྱི་ཡོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་མངོན་ཚུལ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་བཅངས་ཏེ། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ལས་དོན་སྒྲུབ་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ལས་དོན་ཡོད་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས་པ་ལས། ཆ་ཤས་ཀྱི་ཁེ་ཕན་ལ་རྔམས་ནས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་གནས་སྐབས་ཀྱི་ཁེ་ཕན་ལ་རྔམས་ནས་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་ཞེས་ནན་བཤད་གནང་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ནས“བསམ་ཇུས་གཅིག”གི་བསམ་བློ་བཙུགས་ཏེ། ས་ཁུལ་རང་དང་སྡེ་ཁག་རང་གི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཚེ། གཞི་ནས་འགག་རྩའི་ལྷུ་ཚིགས་དམ་འཛིན་ཐུབ་པ་བྱུང་ནས་འབྲེལ་ཡོད་ལས་དོན་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་ཐུབ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན་ལ། དུས་རབས་གསར་པའི་ཆབ་སྲིད་ཆེ་ཤོས་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་ཏུ་གཟིགས་ཞིབ་དང་བརྟག་ཞིབ་གནང་སྐབས་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཐབས་འདོན་ཇུས་འབུལ་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཡིན་པས། སྤྱི་འདོམས་འཆར་འགོད་དང་བརྒྱུད་རིམ་ལྡན་པར་ཇུས་འགོད། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་ཤེས་རྟོགས་གཏིང་ཟབ་བྱེད་དགོས།
དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་ཡངས་ཤིང་རྒྱ་ཆེ་བའི་མིག་རྒྱང་དང་། ཚན་རིག་དང་མཐུན་པའི་ཇུས་འགོད། འཇོན་ཐང་ཆེ་བ་བཅས་ལ་བརྟེན་ནས་ལས་དོན་སྣ་ཚོགས་དམ་འཛིན་ཡག་པོ་བྱེད་དགོས། བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དུས་རབས་ལ་བརྟག་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་མཁས་པོ་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་དང་སྤྱི་ཡོངས་ལ་བསྟུན་པ། སྤྱི་འདོམས་འཆར་འགོད། སྤྱི་ཡོངས་ཇུས་བསྟར། ཐབས་མང་མཉམ་སྤྱོད། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ནས་ལས་དོན་སྣ་ཚོགས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཚེ། ང་ཚོས་རྒྱུན་ཆད་མེད་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་དང་ཚད་བརྒལ་གསར་པ་གཏོད་ཐུབ་ངེས་ཡིན།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།