ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་ལ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་མཉམ་འདྲེས་མཉམ་འགུལ་མཉམ་སྤྱོད་ལ་དམིགས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་ནན་བཤད་བྱས་ཡོད། ང་ཚོས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཐོད་བརྒལ་བྱེད་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས་ཏེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་རྣམ་པ་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས།
འཐབ་ཇུས་རང་བཞིན་གྱི་འཆར་འགོད་དང་ལམ་ལུགས་རང་བཞིན་གྱི་འཆར་འགོད།འགག་རྩའི་རང་བཞིན་གྱི་བྱེད་ཐབས། འདེགས་སྐྱོར་རང་བཞིན་གྱི་བཟོ་འགོད་བཅས་ཁག་ཅིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་བརྒྱུད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ས་ཁུལ་གྱི་ཐོན་ལས་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནན་མོ་བཏང་ཡོད། དུས་མཚུངས་སུ། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་། འཕེལ་རྒྱས་དོ་མི་མཉམ་པ། གང་ལེགས་མ་ཐུབ་པ་བཅས་ནི་སྔར་བཞིན་མཚོ་སྔོན་གྱི་མིག་སྔའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡིན་པ་དང་། ས་ཁོངས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྔར་བཞིན་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ལྷགས་ཡོད་པ་ང་ཚོས་རིག་པ་གསལ་བོས་མཐོང་ཐུབ་དགོས། ལྕི་ཡང་དོ་མཉམ་གྱི་གལ་ཆེན་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ། ང་ཚོས་རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་གལ་ཆེན་ནང་མཉམ་འདྲེས་དང་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། ལེགས་ཆ་གསབ་རེས་དང་ཁྱད་ལྡན་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ། ཕྱོགས་མང་པོའི་ཐད་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་དེ་བས་མང་བ་འདོན་པ། དཔལ་འབྱོར་འཕར་གཞི་དེ་བས་མང་བ་སྐྱེད་སྲིང་བྱེད་པ། རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལུགས་མཐུན་ངང་འཁོར་སྐྱོད་དང་གཅིག་སྡུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁོངས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
འགྲིག་སྐོར་གཅིག་ཡག་པོར་འདེད་ན། མཐུན་སྦྱོར་འཕེལ་རྒྱས་ནི་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ཡིན། ཁྱད་ཆོས་མངོན་གསལ་ཡོང་བ་བྱས་ཏེ“མདེལ་གཉིས་སྐར་གཅིག་དང་མཐོ་ས་གཅིག”བཅས་ས་ཁོངས་ཀྱི་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ་ཁྱབ་རྒྱ་ཆེ་བའི་གུང་ཧོའི་གཤོང་ས་དང་། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར། སྐྱེ་ཁམས་ཞིང་ཕྱུགས ནུས་རྒྱུ་གཙང་མ། གྲངས་གཞི་ཆེན་མོའི་ཐོན་ལས་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་རྨང་གཞིའི་སྟེང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ནས། ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། མི་རྩ་བར་འཛིན་པ་དང་“ས་ཁུལ་གཉིས་དང་ས་ཚིགས་མང་པོའི”གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་བར་སྟོང་མ་ལག་འཐུས་ཚང་དུ་བཏང་སྟེ། རྫོང་གྲོང་གི་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ནས། ལྗང་མདོག་ཐཱན་ཉུང་གི་རྫོང་ཁོངས་དཔལ་འབྱོར་སོགས་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།
ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཚེ་ད་གཟོད་མ་འོངས་མཉམ་སྤྱོད་བྱེད་ཐུབ། མཉམ་ལས་དང་སྤེལ་རེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་དང་། ཆ་འཕྲིན་སྤེལ་རེས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས། རིག་སྟོབས། ཐོན་ལས། ཚན་རྩལ“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། མཐའ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དོན་ཐོག་ཏུ་འཁྱོལ་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ལན་ཀྲིག་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་ས་ཁོངས་མཐུན་སྦྱོར། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་འབད་བརྩོན་བྱེད་དགོས།
ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་དོན་འཁྱོལ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས།“ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་རིག་ལམ་གསལ་པོ་ཡིན་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གོ་སྐབས་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་པར་སྟོབས་ཤུགས་འབུལ་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།