བཅོས་སྒྱུར་གཏིང་ཟབ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས།
2024.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

 ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།

བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྱི་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད།  ང་ཚོས་ངེས་པར་དུ་བླང་བྱ་དེ་གཞིར་བཟུང་ནས།   བཅོས་སྒྱུར་གཏིང་ཟབ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་གོང་སྤེལ་དང་ཆེ་རུ་གཏོང་བ།  བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་བཅོས་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ།  འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྣོན་པ། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་པ་བཅས་བྱས་ཏེ།   སྐྱོད་ལམ་གསར་པའི་ཐོག་སྔར་ལས་ངོ་མཚར་ཆེ་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས།

བཅོས་སྒྱུར་སྒོ་འབྱེད་ལ་ནམ་ཡང་སྒྲུབ་བཞིན་པའི་དུས་སྐབས་ཡོད་པ་ལས། བསྒྲུབས་ཟིན་པའི་དུས་སྐབས་གཏན་ནས་ཡོད་མི་སྲིད།   ལག་ལེན་དངོས་ཀྱི་ཐོག་ནས་བཅོས་སྒྱུར་ལ་སྒུལ་ཤུགས་དགོས་པ་དང་།  བཅོས་སྒྱུར་གྱི་ཐབས་ཤེས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་དགོས་ལ། སྒོ་འབྱེད་ལ་གསོན་ཤུགས་དགོས་པ་དང་།  སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པ་ར་སྤྲོད་བྱུང་ཡོད།  ལོ་འདི་དག་གི་རིང་ལ།  བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་བརྒྱུད་དེ། མཚོ་སྔོན་གྱིས་བཅོས་སྒྱུར་ལ་སྐུལ་འདེད་དང་། སྒོ་འབྱེད་ལ་སྐུལ་ཁྲིད། གསར་སྐྲུན་ལ་སྐུལ་འདེད་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་ཇེ་ལེགས་སུ་ཕྱིན་པ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་གྱུར་བ།  དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་དང་། ཆབ་སྲིད་སྐྱེ་ཁམས་ཁྱོན་ཡོངས་ནས་ཇེ་ལེགས་སུ་ཕྱིན་པས། མཚོ་སྔོན་འདི་ཉིད་ལོ་རྒྱུས་ཀྱི་འཕེལ་རྒྱས་བཟང་བའི་དུས་སྐབས་སུ་སླེབས་ཡོད།

འོན་ཀྱང་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་འཕེལ་རྒྱས་དོ་མཉམ་མིན་པ་དེ་སྔར་བཞིན་མཚོ་སྔོན་གྱི་མིག་སྔའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཤིག་ཡིན་པས། ངེས་པར་དུ་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་དཀའ་སེལ་ཡར་བརྩོན་བྱས་ཏེ། ཐག་གཅོད་ནུས་ལྡན་བྱེད་དགོས་པའང་མཐོང་ཐུབ་དགོས།  ཉེན་ཁ་དང་འགྲན་སློང་ལ་ཇི་ཙམ་ཁ་གཏད་འཇལ་དགོས་ཚེ་དེ་ཙམ་གྱིས་བློ་སྟོབས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྤྱད་དེ།  བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་གྱི་གོ་རྟོགས་སྔར་ལས་མཐོ་བའི་བསམ་བློར་ཁྲིད་སྟོན་བྱས་ནས།  བཅོས་སྒྱུར་སྒོ་འབྱེད་ཀྱི“རྩ་བའི་སྒུལ་ཤུགས”དང“གསོན་ཤུགས་ཀྱི་འབྱུང་ཁུངས”འདིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་དགོས་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད། ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་སྤེལ་བྱེད་པར་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་མཐའ་དག་མེད་པར་བཟོ་བ།  ལམ་ལུགས་གསར་སྐྲུན་ལ་བརྟེན་ནས་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱེད་དགོས།  དུས་རབས་གསར་པར་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་ཟབ་མོ་བླངས་སྟེ། ཆོད་སེམས་སྔར་ལས་ཆེ་བ་དང་ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་བཀག་རྒྱ་ཇེ་ལྷོད་དུ་གཏོང་བ།  གསར་སྐྲུན་གྱི་འགོག་རྐྱེན་སེལ་བ། གསོན་ཤུགས་ལ་སྲུང་སྐྱོབ་བཅས་བྱས་ནས། མཛེས་སྡུག་གི་མཚོ་སྔོན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་སྒུལ་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས།

བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱེད་པར། ང་ཚོར་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འབུར་ཐོན་གནད་དོན་དང་འགག་རྩའི་བརྒྱུད་རིམ་དམ་འཛིན་བྱས་ཏེ།  བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱེད་པ་དང་།  བཅོས་སྒྱུར་གྱི་བྱེད་ཐབས་ལག་བསྟར་དང་གསར་སྐྲུན་གྱི་སྒོ་མོ་འབྱེད་དགོས་པའི་བླང་བྱ་བཏོན་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མཁྲེགས་གཏོར་གཏིང་ཟབ་ཏུ་བཏང་སྟེ།   ཁྲོམ་རར་ཞུགས་འཐུས་ཀྱི“རྒྱལ་ཡོངས་ཀྱི་རྩིས་ཐོ་གཅིག”གི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་མན་གྱི་ནོར་སྲིད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་དོན་འཁྱོལ་བྱེད་པ། གླིང་ཁུལ་གྱི་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་བྱེད་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་ལས་དོན་ཡག་པོར་སྒྲུབ་པ། ཞིང་སྡེའི་ས་ཞིང་ལམ་ལུགས་ བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ།  ཐུན་མོང་ནགས་དབང་ལམ་ལུགས་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། མཁོ་འཚོང་ཁང་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་བཟོ་འགོད་ལག་བསྟར་བཅས་བྱེད་དགོས།  གཉེར་སྐྱོང་གཙོ་བོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱས་ཏེ། གཞུང་གཉེར་ཁེ་ལས་བཅོས་སྒྱུར་གཏིང་ཟབ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་རིམ་སྤོར་གྱི་བྱ་སྤྱོད་སྤེལ་བ་དང་།  ཞིང་ཆེན་ཁོངས་གཏོགས་ཀྱི་སྣེ་འདྲེན་དང་སྣེ་ཁྲིད་རང་བཞིན་གྱི་གཞུང་གཉེར་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས།  དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་དང་ཁོར་ཡུག་གི་དཀའ་གནད་སེལ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།  “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་བྱ་སྤྱོད་ཁག་བརྒྱད་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ།   ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་།   ཀྲུང་གོར་མ་དངུལ་གཏོང་བའི་མཚོ་སྔོན་བྱ་སྤྱོད་དང་མཚོ་སྔོན་རྟགས་ཅན་གྱི་ཐོན་རྫས་ཕྱི་རུ་སྐྱོད་པའི་བྱ་སྤྱོད་སྤེལ་ནས།  ནུས་ཤུགས་སྔར་ལས་ཆེན་པོས་ཕྱི་དངུལ་ནང་འདྲེན་དང་བེད་སྤྱོད་བྱེད་པ་དང་།  ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་ངང་སེལ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།