《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ།  མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་དགོས་ཞེས་པ་སྤེལ།
2024.02.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

ཟླ2པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས4པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ།《མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་དགོས》ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ12པ་ནས2023ལོའི་ཟླ6པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཚན་བཤུས་རེད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཀྲུང་གོ་རུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལག་བསྟར་བྱེད་པ་ནི་ཉེ་རབས་རྗེས་ཀྱི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཡིད་སྐྱོ་བའི་བསླབ་བྱར་སྤྱི་སྡོམ་ཟབ་མོ་བྱས་པའི་རྩ་བའི་སྡོམ་ཚིག་ཡིན་པ་དང་། ལོ་ངོ100ལྷག་གི་རིང་ལ་ཀྲུང་གོའི་སྤྱི་ཚོགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དང་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་འབྲས་བུ་ཡིན་པར་མ་ཟད། ཀྲུང་གོ་མི་དམངས་ཀྱིས་རང་བདག་རང་གིས་བྱེད་པ་དང་རང་ཉིད་ཀྱི་ལས་དབང་བདག་ཏུ་འཛིན་པའི་དགོས་ངེས་ཀྱི་གདམ་ཀ་ཞིག་རེད། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་དང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲིམས་ལྟར་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་འགན་སྲུང་བྱེད་པ་ཞིག་ཡིན། ལག་ལེན་ལས་ར་སྤྲོད་བྱས་པ་ལྟར་ན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་དང་མཐུན་ཞིང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པར་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་འགན་སྲུང་བྱེད་པའི་ལམ་ལུགས་བཟང་པོ་ཞིག་ཡིན་པ་དང་། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བསྐྲུན་པའི་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་སྟེང་གི་གསར་གཏོད་རླབས་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ཀྱི་ལམ་ལུགས་གསར་པ་ཞིག་ཡིན།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ལ། གཙོ་བོ་གཤམ་གྱི་ཕྱོགས་འགའ་ཡོད་དེ། གཅིག་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་ངེས་པར་དུ་ལམ་ལུགས་མ་ལག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་དགོས། གསུམ་ནི་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། བཞི་ནི་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། ལྔ་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས། དྲུག་ནི་ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་བ་ཞིག་ཡོད་པར་མ་ཟད། འཐུས་ཚང་བའི་ཟབ་ཞུགས་ཀྱི་ལག་ལེན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་བརྒྱུད་རིམ་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ། གོ་རིམ་དམངས་གཙོ་དང་ངོ་བོ་དམངས་གཙོ། ཐད་ཀར་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་པ་ནི་སྦྲེལ་ཐག་ཡོངས་དང་ཕྱོགས་ཡོངས། ཁྱོན་ཡོངས་བཅས་ལ་ཁེབས་པའི་དམངས་གཙོ་ཡིན་པ་དང་། ཆེས་རྒྱ་ཆེ་བ་དང་ཆེས་དོན་དངོས་ཡིན་པ། ཆེས་གོ་ཆོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ཞིབ་ཕྲ་དང་དངོས་ཡོད་སྒོས་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་སྲིད་ཇུས་བྱེད་ཐབས་སྟེང་མངོན་པར་བྱེད་པ་དང་། ཞིབ་ཕྲ་དང་དངོས་ཡོད་སྒོས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་བྱ་བའི་སྟེང་མངོན་པར་བྱེད་པ། ཞིབ་ཕྲ་དང་དངོས་ཡོད་སྒོས་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྙེག་མངོན་འགྱུར་བྱེད་པའི་བྱ་བའི་སྟེང་མངོན་པར་བྱེད་དགོས།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་དགོས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་ལ། རིམ་པ་སོ་སོའི་དམངས་ཆེན་དེ་དམངས་གཙོའི་འདེམ་བསྐོ་བྱས་ནས་བདམས་ཐོན་འབྱུང་དགོས་པ་དང་། དེས་མི་དམངས་ལ་འགན་འཁུར་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་ཁག་ཐེག་བྱེད་དགོས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཇོག་དབང་ཆ་བཅས་ལག་ཏུ་བསྟར་བར་རྒྱབ་སྐྱོར་དང་ཁག་ཐེག་བྱས་ནས། དམངས་ཆེན་གྱིས་སྲིད་འཛིན་ལས་ཁུངས་དང་ལྟ་སྐུལ་ལས་ཁུངས། ཞིབ་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཁྲིམས་སྐྱོང་གི་གཅིག་གྱུར་དང་གཟི་བརྗིད། དབང་ཤུགས་བཅས་སྲུང་སྐྱོབ་བྱེད་དགོས། དམངས་ཆེན་འཐུས་མིའི་བྱ་བའི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དམངས་ཆེན་འཐུས་མི་ཡིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་པོ་བྱེད་དགོས། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་ཤེས་རབ་གཅིག་བསྡུ་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ནས། གཞི་རིམ་ཁྲིམས་འཛུགས་ཀྱི་འབྲེལ་གཏུག་བྱེད་གནས་འཛུགས་སྐྲུན་ལེགས་པོ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།