བདེ་སྐྱིད་ལྡན་པའི་རྒན་པའི་ཁྱིམ་གཞིས།
2024.02.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཉེ་ལམ།    གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རྒན་པའི་སྤྱི་ཚོགས་ཕན་བདེའི་ལྟེ་གནས་སུ་སོང་པ་ན།  རྒན་པ་ཚོས་ཁང་པའི་ནང་དུ་བརྙན་འཕྲིན་ལ་ལྟ་བ་དང་ཁ་བརྡ་བྱེད་པ། སྟེགས་ལྒང་རྩེ་བའམ་ཡང་ན་སྤྲོ་སྐྱིད་ཁང་དུ་མིག་མངས་རྩེ་བ་སོགས་དགའ་སྤྲོའི་དཔལ་ལ་རོལ་བཞིན་འདུག

ཤོག་  ཤོག  ཚང་མ་ཚུར་ཤོག་དང་།  ཁྱོད་ཚོར་ལྭ་བ་གསར་པ་ཉོས་ཡོད།   ཅེས་རྐང་ཚ་རྫོང་རྒན་པའི་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་བརྟན་སྒྲོལ་མ་དང་ལས་བཟོ་པ་ཁ་ཤས་ཀྱིས་གསར་དུ་ཉོས་པའི་གྱོན་ཆས་འཁྱེར་ཡོང་ནས་དེ་ལྟར་ཚང་མ་འབོད་བཞིན་འདུག

རྒན་པ་རྣམས་ཀྱིས་གཏམ་བཟང་དེ་ཐོས་མ་ཐག་མྱུར་དུ་ཚུར་ཡོང་ནས་ཁོ་ཚོའི་མཐའ་རུ་བསྐོར་བྱུང་། ཚང་མ་བྲེལ་བ་མ་ལངས།   ཚང་མར་ཡོད་ཅེས་ཚེ་བརྟན་སྒྲོལ་མས་དེ་ལྟར་བཤད་ཞོར་རྒན་པ་རྣམས་ལ་རེ་རེ་བཞིན་གྱོན་གོས་གསར་པ་སྟེར་མགོ་བརྩམས།

རིན་ཆེན་རྡོ་རྗེས་གྱོན་གོས་གསར་པ་བླངས་རྗེས་མྱུར་དུ་ཁང་པའི་ནང་སོང་ནས་ཅུང་ཙམ་གྱིས་གྱོན་གོས་གསར་པ་བརྗེས་རྗེས་ཕྱིར་སྒོར་ཡོང་ནས། ཅི་འདྲ་རེད། ཡག་པོ་ཨེ་འདུག་ཅེས་དྲིས་པར།  ཁོའི་ཉེ་འགྲམ་གྱི་རྒན་པ་སྐོར་ཅིག་གིས་ཡག་པོ་འདུག  དངོས་གནས་ཡག་པོ་འདུག་ཅེས་དགོད་ཞོར་དུ་བཤད།

ཚེ་བརྟན་སྒྲོལ་མས་བཤད་རྒྱུར།  ང་ཚོ་ནི་བོད་རིགས་དང་རྒྱ་རིགས་ལས་གྲུབ་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན།  ཁོ་ཚོའི་དུས་རྒྱུན་གྱི་གྱོན་ཆས་གྱོན་པའི་གོམས་གཤིས་ལ་གཞིགས་ཏེ་རྒན་པ་ཉེར་དགུ་ལ་ལོ་སར་སྐབས་གྱོན་རྒྱུའི་གྱོན་ཆས་གསར་པ་ཆ་ཚང་ཉོས་ཡོད་པར་མ་ཟད།  ད་དུང་ཟས་རིགས་ཞིམ་པོ་སྣ་ཚོགས་ཉོས་ནས་ཚང་མར་དགའ་སྤྲོའི་ངང་ལོ་སར་ལ་རོལ་བར་གྲ་སྒྲིག་བྱས་ཡོད་ཟེར།

གསར་འགོད་པ་ཚེ་བརྟན་སྒྲོལ་མ་དང་མཉམ་དུ་མོའི་གཞུང་ལས་ཁང་གི་ཉེ་འགྲམ་གྱི་ཁང་པ་དེའི་ནང་དུ་སོང་བ་ན།   ཁང་པའི་ནང་དུ་ཀ་ར་དང་སིལ་ཏོག བ་དམ།  སིལ་དམར།  གོར་སོབ།  སིལ་ཁུ་སོགས་བཟའ་བཏུང་སྣ་ཚོགས་ཀྱིས་བཀང་འདུག   འདི་དག་ཚང་མ་ནི་རྒན་པ་རྣམས་དགའ་བའི་བཟའ་བཏུང་གི་སྐོར་ཡིན།   གནམ་གང་གི་དགོང་མོ་ང་ཚོས་རྒན་པ་རྣམས་དང་མཉམ་དུ་གནམ་གང་སྐྱིད་པོ་ཞིག་རོལ་རྩིས་ཡོད་ཅེས་ཚེ་བརྟན་སྒྲོལ་མས་འཛུམ་དམུལ་དམུལ་ངང་གསར་འགོད་པར་དེ་ལྟར་བཤད།

ཕན་བདེའི་ལྟེ་གནས་དེའི་ཐོག་བརྩེགས་ཀྱི་བར་ཁྱམས་དང་སྒེའུ་ཁུང་གི་ཁར་སྔོ་ལྗང་གི་རྩི་ཤིང་སྣ་ཚོགས་བསྒྲིགས་འདུག  ཁང་པའི་ནང་གི་དྲོད་རླངས་ཤིན་ཏུ་ཚ་བས་ཁང་པའི་ཕྱི་རོལ་གྱི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཅོ་ལྔ་ཙམ་ཡིན་ནའང་ཕན་བདེའི་ལྟེ་གནས་དེ་རུ་དྲོ་སྐྱིད་ལྡན་པའི་དཔྱིད་ཀྱི་རྣམ་པ་ཞིག་ཤར་འདུག

ཕན་བདེའི་ལྟེ་གནས་དེར་ལྟ་སྐོར་བྱེད་སྐབས།   དེ་རུ་སྨན་བཅོས་ཁང་དང་བྱ་འགུལ་ཁང་།  གོས་འཁྲུད་ཁང་། ལུས་གསོ་ཁང་།  ཟ་ཁང་། རྒན་པའི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་ནུས་ཁང་། རྒན་པའི་སེམས་ཁམས་ཟུར་ཁྲིད་ཁང་། སྙིང་གཏམ་བཤད་རེས་ཁང་།  རྒན་པའི་ཐབ་ཚང་ཆུང་བ་སོགས་གང་དགོས་ཅི་དགོས་ཚང་མ་ཡོད་པ་རེད།

ཕན་བདེའི་ལྟེ་གནས་འདི་ལས་གཞན།   2023ལོར་ང་ཚོས་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཅིག་བརྩོན་ལེན་བྱས་ཏེ་རྫོང་རིམ་པའི་རྒན་གསོ་ཁང་གཅིག་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་གཉིས།  སྡེ་ཁུལ་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་གཉིས།   སྡེ་བ་རིམ་པའི་རོགས་རེས་བདེ་སྐྱིད་ཁང་གསུམ་བཅས་འཛུགས་སྐྲུན་བྱས་ཏེ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ་བྱས།  མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་གཉིས་བཏང་ནས་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱས་པ་དང་། ཆ་རྐྱེན་དང་འཚམ་པའི་ཁྱིམ་སྡོད་རྒན་རྒོན་སྟོང་གཅིག་དང་གྱ་དྲུག་ལ་ཞབས་ཞུ་བསྒྲུབས་པ་ཡིན་ཞེས་རྐང་ཚ་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་སྐྱབས་ཀྱིས་དེ་ལྟར་ངོ་སྤྲོད་བྱས།

རྐང་ཚ་རྫོང་གིས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྟེགས་བུ་ཧུར་ཐག་གིས་བཏོད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། རྒན་རྒོན་རྣམས་ལ་འཚོ་བའི་ལྟ་རྟོག་དང་བཟའ་བཏུང་སྟེར་བ། ཁྱིམ་སྲིད་ཞབས་ཞུ། ཉིན་མོའི་རྒན་གསོ་སོགས་གཞི་གཅིག་ཅན་གྱི་སྡེ་ཁུལ་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་རྒན་རྒོན་ཚོར་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

2020ལོར་ཧྲན་ཏུང་གིས་རོགས་སྐྱོར་ལས་གཞིའི་མ་དངུལ་སྒོར་མོ་ས་ཡ་བརྒྱད་བཏང་ནས་ཐོག་བརྩེགས་བཞི་བསྐྲུན་པ་དང་། 2021ལོར་ཀྲུང་དབྱང་གི་སྔོན་རྩིས་ལས་གཞིའི་མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་བརྒྱད་བཏང་ནས་རྨིད་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་ཡོད་པའི་དྲོད་ཁང་རྣམ་པའི་རྒན་པའི་བྱ་འགུལ་ཁང་གསར་དུ་འཛུགས་སྐྲུན་བྱས་པས་ཕན་བདེའི་ལྟེ་གནས་ཀྱི་ཆ་རྐྱེན་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་ཅེས་ཚེ་བརྟན་སྒྲོལ་མས་བཤད།

སྐབས་དེར་ཉིན་གུང་ལ་སླེབས་ཟིན་པས་ཕན་བདེའི་ལྟེ་གནས་དེའི་ནང་གི་རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ཟས་སྣོད་དང་ཇ་ཕོར་བཟུང་ནས་གཅིག་རྗེས་གཉིས་མཐུད་དུ་ཐོག་སོ་དང་པོའི་ཟ་ཁང་ནང་དུ་འགྲོ་བཞིན་འདུག

ཟ་ཁང་གི་སྒོ་འགྲམ་གཉིས་སུ་ལྒང་ཞུ་དམར་པོ་མང་པོ་བཀལ་ཡོད་པ་དང་། ཁང་པའི་སྒེའུ་ཁུང་དང་གནམ་པང་གི་ངོས་སུ་ལྒང་ཞུ་དམར་པོ་དང་ལོ་སར་དང་འབྲེལ་བའི་རི་མོ་སྣ་ཚོགས་བཀལ་ཡོད་པས་གནམ་ལོ་གསར་ཚེས་ཀྱི་མཁའ་དབུགས་སྟུག་པོ་ཞིག་གིས་ཡོངས་སུ་ཁེངས་འདུག

བཀྲ་ཤིས་པའི་དགའ་སྤྲོའི་རྣམ་པའི་ཁྲོད་རྒན་རྒོན་རྣམས་མཉམ་འཛོམས་ཀྱིས་ཕན་ཚུན་ལ་ཁ་བརྡ་བྱེད་བཞིན་འདུག་པ་དང་། ཁོ་ཚོས་བཤད་རྒྱུར། ང་ཚོར་བུ་དང་བུ་མོ་མེད་ཀྱང་གནས་འདི་རུ་ཁེར་རྐྱང་གི་སུན་སྣང་ཅུང་ཙམ་ཡང་མི་འདུག   ལོ་སར་ལ་རོལ་སྐབས་ཀྱང་གནས་འདི་ནི་ང་ཚོའི་རང་ཁྱིམ་དང་འདྲ་བར་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་ཡོད་ཟེར།

ཉིན་གུང་གི་དུས་ཚོད་བཅུ་གཉིས་ལ་ཐོན་དུས། ཇ་མས་གཡོས་སྦྱོར་བྱས་ཟིན་པའི་ཟས་རིགས་སྣ་ཚོགས་སྒྲོག་ཙེའི་སྟེང་བཞག་པ་ན།  ཁོ་ཚོ་རེ་རེ་བཞིན་གྲལ་བསྒྲིགས་ནས་རང་རང་གི་ཟ་མ་ལེན་བཞིན་འདུག  ཉིན་དེ་ནི་གཟའ་ཟླ་བ་ཡིན་པས་ཁོ་ཚོས་སྔར་ནས་བཀོད་སྒྲིག་བྱས་ཟིན་པའི་ཟས་ཐོ་ལྟར་དུ་ཤ་ཚལ་བརྔོས་མ་དང་འབྲས་སོགས་ཟ་བཞིན་འདུག   ཉིན་རྒྱུན་ལྟར་ཟས་རིགས་སྣ་ཚོགས་གཡོས་སྦྱོར་བྱེད་བཞིན་ཡོད་པ་དང་བྲོ་བ་ཡང་ཞིམ་པོ་ཡིན་པར་མ་ཟད།  ཤ་ཡང་སྙི་མོ་ཡིན་པས་ང་ཚོ་རྒན་པ་རྣམས་ཀྱིས་ཟོས་ན་ཤིན་ཏུ་འཕྲོད་ཅེས་ཟ་མ་ཟ་བཞིན་པའི་ཝང་ཁྲང་ཧྲིག་གིས་གསར་འགོད་པར་དེ་ལྟར་བཤད།

ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་། ང་ཚོས་ཞབས་ཞུའི་བྱ་བའི་ཆུ་ཚད་མཐོ་རུ་བཏང་སྟེ། འབད་བརྩོན་ཆེན་པོས་རྒན་པ་རྣམས་ལ་བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ནས། ཁོ་ཚོར་ཏང་དང་སྲིད་གཞུང་གི་བརྩེ་བའི་དྲོད་ཁོལ་ཉམས་སུ་མྱོང་དུ་བཅུག་པ་ཡིན་ཞེས་ཚེ་བརྟན་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད།

ཚེ་རིང་སྐྱབས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱེད་རྒྱུར།  ལོ་མང་པོའི་རིང་རྐང་ཚ་རྫོང་གིས་རྒན་གསོའི་ཞབས་ཞུའི་དགོས་མཁོ་ཁྲིད་ཕྱོགས་སུ་བཟུང་ནས།  ཁྱིམ་སྡོད་རྒན་གསོ་རྨང་གཞིར་བྱེད་པ་དང་།   སྡེ་ཁུལ་གྱི་རྒན་གསོ་བརྟེན་སར་བྱེད་པ། སྒྲིག་གཞིའི་རྒན་གསོ་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་ཅིག་བསྐྲུན་ཡོད། མཁར་ལྷོ་སྡེ་ཁུལ་གྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ལྟེ་གནས་དང་། འོམ་ཆུ་གྲོང་རྡལ་ཧོང་ཧྲན་སྡེ་བའི་རོགས་རེས་བདེ་སྐྱིད་ཁང་སོགས་རྒན་གསོའི་ཞབས་ཞུ་ལྟེ་གནས་གཅིག་རྗེས་གཉིས་མཐུད་ངང་བཀོལ་སྤྱོད་བྱེད་མགོ་བརྩམས་ནས་རྐང་ཚ་རྫོང་གི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་ཡོད།

གོ་རིམ་རྗེས་མར་ང་ཚོས་གཞི་རྩའི་རྒན་གསོའི་ཞབས་ཞུའི་དཀར་ཆག་གི་གསལ་ཐོ་བཟོ་བ་དང་། ཁྱིམ་སྡོད་རྒན་གསོའི་སྐུལ་འདེད་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རྩའི་རྒན་གསོའི་ཞབས་ཞུའི་རྩིས་ཁྲའི་ནང་དོན་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྐང་ཚ་རྫོང་གི་རྒན་གསོའི་ཞབས་ཞུ་སྤྱི་ཚོགས་ཅན་དུ་འགྱུར་བར་མྱུར་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཚེ་རིང་སྐྱབས་ཀྱིས་བཤད།

                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།