གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་སྤེལ་ནུས་ལྡན་བྱེད་དགོས།
2024.02.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཞིང་ལས་ཀྱི་རྨང་གཞི་བརྟན་པོར་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་པར་མགོ་བཟང་བོ་བརྩམས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཏེ་བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ངང་བཟང་བོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།

ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། “ཞིང་གསུམ”བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་འགན་འཁྲི་ཧ་ཅང་ལྕི། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས“ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ”དེ་2024ལོའི་ཕྱོགས་བརྒྱད་ཐད་ཀྱི་བྱ་བའི་གཙོ་གནད་ཅིག་ཡིན་ལ། ང་ཚོའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྡེ་བ་སྟོང་ལ་དཔེ་སྟོན་དང་སྡེ་བ་ཁྲིར་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ནུས་ལྡན་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར”》གྱི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་དངོས་འབེབ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དེ་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི“ཞིང་གསུམ”བྱ་བའི་བྱེད་ཐབས་གཙོ་བོར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་དམིགས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་སྤེལ་ནུས་ལྡན་བྱེད་དགོས།

འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། ངེས་པར་དུ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་འདོན་སྤྲོད་བྱེད་པའི་འགན་འཁྲི་གལ་ཆེན་དུ་འཛིན་པ་ཁག་ཐེག་བྱེད་དགོས་པ་དང་། ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་བ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། ཞིང་ཆེན་གྱི་ངེས་གནས་དང་ཟུང་འབྲེལ་བྱས་ཏེ། ཞིང་ལས་ཆེན་པོའི་ལྟ་བ་དང་འབྲུ་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་། རྣམ་པ་མང་པོའི་ཟས་རིགས་འདོན་སྤྲོད་མ་ལག་བཙུགས་ནས། རྨོ་ཞིང་གི་སྲུང་སྐྱོབ་དམར་ཐིག་བརྟན་པོར་སྲུང་བ་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། རྒྱ་ཁྱོན་དང་ཐོན་ཚད་བརྟན་པོ་སྲུང་འཛིན་ལ་ཁག་ཐེག་བྱེད་དགོས།

ཐོན་ལས་ནི་གྲོང་གསེབ་དར་སྤེལ་གྱི་རྨང་རྡོ་ཡིན། ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བར་དམིགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་གོ་སྐབས་སུ་བརྩིས་ཏེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། དབུལ་ཕོངས་བསྐྱར་ལོག་ལ་སྔོན་འགོག་བྱེད་པའི་ལས་ཞུགས་འགག་སྒྲོལ་སོགས་ཀྱི་བྱ་སྤྱོད་ལ་ནན་ཏན་སྒོས་སྐུལ་འདེད་བཏང་ནས། ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་སྔར་ལས་མང་པོའི་ལས་ཞུགས་ལས་གནས་བསྐྲུན་པ། ཞིང་པའི་ཡོང་སྒོ་མུ་མཐུད་དུ་འཕར་བར་རོགས་སྐྱོར་བྱེད་པ་བཅས་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། ནུས་ཤུགས་ཡོད་རྒུས་དམངས་ཕྱུག་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་རོང་འབྲོག་པའི་ཡོང་སྒོ་སྔར་ལས་ཇེ་བཟང་ཡིན་པ་དང་། འཚོ་བ་སྔར་ལས་སྐྱིད་པར་སྐུལ་འདེད་གཏོང་དགོས།

ཕན་ནུས་ལྡན་པའི་བཅོས་སྐྱོང་ནི་གྲོང་གསེབ་དར་སྤེལ་གྱི་ནང་དོན་གལ་ཆེན་ཞིག་རེད། ངེས་པར་དུ་རོང་འབྲོག་མང་ཚོགས་ཀྱི་ཚུར་སྣང་དྲག་པོ་མཚོན་པའི་དོན་དངོས་གནད་དོན་ནས་མགོ་བརྩམས་ཏེ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་མཐོར་གཏོང་བྱ་སྤྱོར་གཅིག་གྱུར་བྱས་ནས། སྲོལ་རྒྱུན་གྱི་ཞིང་སྡེ་དང་ཞིང་པའི་བསམ་པའི་ཉམས་འགྱུར་དང་། ཞིང་སྡེའི་དཔལ་ཡོན་སྲོལ་གསར་འཛུགས་པར་ཟུང་འབྲེལ་ཡག་པོ་བྱས་ནས། དཔལ་ཡོན་སྡེ་བ་དང་རིག་གནས་སྡེ་བ། དམངས་གཙོའི་ཁྲིམས་སྐྱོང་སྡེ་བ་སོགས་འཛུགས་སྐྲུན་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཟུང་འབྲེལ་དམ་པོ་བྱས་ཏེ། ཧུར་ཐག་གིས་ཞིང་སྡེ་དང་འབྲོག་ཁུལ་འཛུགས་སྐྲུན་བྱེད་པ་དེ་རོང་འབྲོག་པའི་སེམས་ཀྱི་གནས་མལ་དང་། སེམས་ཀྱི་བརྟེན་སའི་མཛེས་སྡུག་གི་ཁྱིམ་གཞི་རུ་འགྱུར་དགོས།

མཚོ་སྔོན་དར་སྤེལ་གཏོང་དགོས་ན་ངེས་པར་དུ་ཞིང་ལས་དར་སྤེལ་གཏོང་དགོས་པ་དང་། མཚོ་སྔོན་མཛེས་སྡུག་ལྡན་དུ་གཏོང་དགོས་ན་ཞིང་སྡེ་ངེས་པར་དུ་མཛེས་སྡུག་ཏུ་གཏོང་དགོས། མཚོ་སྔོན་ཕྱུག་པོར་གཏོང་དགོས་ན་ཞིང་བ་ངེས་པར་དུ་ཕྱུག་པོར་གཏོང་དགོས། ང་ཚོས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་ནན་མོ་བྱས་ཏེ། “ཁྲི་སྟོང་བཟོ་སྐྲུན”གྱི་འཕེལ་རྒྱས་འདུ་ཤེས་དང་། བྱ་བའི་བྱེད་ཐབས་དང་རྐྱེན་སྲོལ་ལ་སྐུལ་འདེད་གཏོང་བར་སློབ་སྦྱོང་དང་བཀོལ་སྤྱོད་ལེགས་པོ་བྱས་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བ་བཟང་བོར་སྒྲུབ་པ་དང་། བདེ་སྡོད་ལས་བརྩོན་གྱི་འཆམ་མཐུན་ཞིང་སྡེ་གསར་བ་བསྐྲུན་དགོས་ལ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།