ཆི་ལེན་རྩྭ་ཐང་གི་འབྲོག་གླུ་སྙན་མོ།
2024.02.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ལོ་སར་རྗེས། དྲོད་ཚད་གློ་བུར་དུ་མར་ཆག་པ་དང་བསྟུན་ནས་ཆི་ལེན་རྩྭ་ཐང་དུ་ཁ་བའི་འདབ་མ་གར་དུ་རྩེན་ཞིང་། ཁ་བའི་ཀློང་དུ་ནོར་ལུག་གི་ཁྱུ་རྣམས་དལ་གྱིས་རྒྱུ་བས་དགུན་གྱི་རྩྭ་ཐང་གི་རྣམ་པ་དེ་སྔར་ལས་མིག་ལ་མཛེས་པར་སྣང་།

གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་འཁྱགས་རོང་ཕྱུགས་ལས་ཐོན་ལས་གླིང་ཁུལ་དུ་ཐོན་དུས། འཁོར་ཁང་གི་ཤེལ་སྒོ་ལས་མཐོང་བ་ནི་ཆི་ལེན་དབྱི་ཏ་ཕྱུགས་ལས་ཐོན་རྫས་ཤ་རིགས་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་བཟོ་པ་རྣམས་ཀྱིས་གོ་རིམ་ལྡན་པའི་ངང་ནོར་ལུག་གི་ཤ་ལས་སྣོན་བྱེད་བཞིན་འདུག

ཁག་མི་འདྲ་བ་དང་ལྗིད་ཚད་མི་འདྲ་བར་གཞིགས་ནས་ཐུམ་སྒྲིལ་ཡག་པོ་བྱས་པའི་སྐམས་ཤ་དང་ལུག་ཤ་དེ་དག་ཟི་ལིང་དང་ཧྲང་ཧེ་སོགས་སུ་བཙོང་འཆར་ཡོད་པ་རེད།

ལོ་སར་གྱི་སྔོན་དུ་ཁོ་ཚོའི་སྐམས་ལུག་ཤ་དེ་ཚོང་ར་ནས་ཤིན་ཏུ་བྲིན་པོ་བྱུང་ཞིང་།  ཟི་ལིང་གི་ཕྱིར་འཚོང་ཁང་དུ་ཚོང་བཟང་དུས་སུ་ཉིན་གཅིག་ལ་སྒོར་མོ་འབུམ་གཅིག་ལྷག་ཙམ་གྱི་ཚོང་རྒྱག་ཐུབ་ཀྱི་ཡོད་ཅེས་དབྱི་ཏ་ཀུང་ཟིའི་སྤྱི་ཁྱབ་ལས་འཛིན་པ་ཨན་ཅོན་ཏུང་གི་གསར་འགོད་པར་དེ་ལྟར་བཤད།

གནས་བཞི་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཐོན་ཁུངས་རང་སྤུས་དང་འཕེལ་རྒྱས་ཀྱི་ལེགས་ཆ།    ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གནད་སྨིན་བརྟག་དཔྱད་མཛད་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འགོད་གནང་བའི་འཐབ་ཇུས་གལ་ཆེན་ཞིག་རེད།

ཆི་ལེན་རྫོང་ལ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ར་ཆེ་ཤོས་དང་སྐྱེ་ལྡན་རྩྭ་ར་སྤྱི་ཆིང་འབུམ་དགུ་དང་ཁྲི་གསུམ་སྟོང་དགུ་བདུན་བརྒྱ་དཔང་དངོས་ར་སྤྲོད་བྱས་ཡོད།     ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ།    ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་བརྟེན་ནས་རྫོང་དེས་ས་བོན་ལེགས་སྒྱུར་དང་སྤུས་ཚད་མཐོར་གཏོང་།    སྤུས་རྟགས་གཏོད་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་།    ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ།   ཆུ་ལེན་རྫོང་གི་ཕྱུགས་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་སུ་བཏང་ཡོད།

ཆི་ལེན་རྫོང་གི་ཕྱུགས་ལས་ལ་དུས་སྐབས་ཡག་ཤོས་ཤིག་ཡོད་མོད།    འོན་ཀྱང་དུས་སྐབས་ཡག་ཤོས་དེ་འདས་རྗེས་སུ་ནོར་ལུག་རིན་གོང་མཐོན་པོར་བཙོང་ཐུབ་ཀྱི་མེད་ཅེས་ཆི་ལེན་རྫོང་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུའི་སྐོར་གླེང་སྐབས། ཨན་ཅོན་ཏུང་གིས་རྣམ་པ་དེར་འགྱུར་ལྡོག་ཇི་ལྟར་གཏོང་རྒྱུ་དེ་ཆི་ལེན་རྫོང་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཏུ་གྱུར་ཡོད་པའི་སྐོར་གླེང་བྱུང་།

ཨན་ཅོན་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན།   དབྱི་ཏ་ཀུང་སིས་ཐོག་མའི་དུས་སུ་སྐམས་ལུག་ཤ་ཁོ་ན་ལས་སྣོན་རགས་ཙམ་བྱས་པ་དང་རྗེས་སུ་སྲིད་ཇུས་ཀྱི་སྐུལ་ལྕག་འོག ལས་སྣོན་ཞིབ་ཚགས་བྱས་ནས་སྐམས་ལུག་ཤ་ཡི་ཟུར་སྣོན་རིན་ཐང་མང་དུ་བཏང་ཡོད།     ཨན་ཅོན་ཏུང་གིས་དཔེ་ཞིག་དྲངས་ནས་བཤད་རྒྱུར།    སྔོན་ཆད་ཁོ་ཚོས་གཡག་གཅིག་བཙོངས་པའི་ཁེ་སྤོགས་སྒོར་བཞི་བརྒྱ་ལྔ་བརྒྱ་ཙམ་ལས་མེད།    ད་ལྟ་ལས་སྣོན་ཞིབ་ཚགས་བྱས་པར་བརྟེན་ནས་ཁེ་སྤོགས་ལྡབ་གཅིག་འཕར་ཡོད་ཟེར།

ད་ལྟ་ཁྲོམ་རའི་དགོས་མཁོར་གཞིགས་ནས་དབྱི་ཏ་ཀུང་ཟིས་གཡག་གཅིག་གི་ཤ་དེ་སྣ་ཁ་ཞེ་གཉིས་ཙམ་ལ་དབྱེ་བ་དང་ཆབས་ཅིག   གྲོང་ཁྱེར་གྱི་མི་རྣམས་ཀྱི་དགོས་མཁོ་སྐོང་ཆེད་སྐམས་ལུག་ཤ་ཉུང་ཙམ་བྱས་ནས་ཀྱང་ཕྱིར་འཚོང་བྱེད་བཞིན་ཡོད་པས་ཚོང་ཤིན་ཏུ་བྲིན་པོ་བྱུང་ཡོད་ཟེར།

ཤ་རིགས་ཕྱིར་འཚོང་བྱེད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ནོར་ལུག་གི་རིན་གོང་ཡང་མཐོ་རུ་འགྲོ་བཞིན་ཡོད།    ཆི་ལེན་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཟམ་བཙུགས་པ་བརྒྱུད། དབྱི་ཏ་ཀུང་ཟིས་ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་ས་གནས་དེའི་ཡུལ་ཚོ་དང་གྲོང་རྡལ་ལྔ་ཡི་འབྲོག་ཁྱིམ་ནས་ནོར་ལུག་ཉོ་རྒྱུའི་གྲོས་མཐུན་བཞག་ནས་འབྲོག་ཁྱིམ་ཆིག་སྟོང་བརྒྱད་བརྒྱ་ལྷག་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

མཁར་དམར་གྲོང་རྡལ་ཏུང་ཚོང་སྡེ་བའི་སྡེ་མི་མཱ་ཞུའེ་ཡུན་གྱིས་བལྟས་ན།    ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བར་མཉམ་འབྲེལ་དྲ་རྒྱ་དང་ཁ་འབྲལ་ཐབས་མེད།      མཱ་ཞུའེ་ཡུན་ཆུང་དུས་ནས་ཁྱིམ་མིའི་རྗེས་སུ་འབྲངས་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་བཞིན་ཡོད།   2010ལོ་ནས་བཟུང་ཁོས་མི་རབས་ནས་བརྒྱུད་འོངས་པའི་ལག་གི་འུར་ཆ་བསྐྱུར་ནས།  དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མཉམ་ལས་ཁང་ཞིག་བཙུགས་པ་དང་།     དུས་ཡུན་རིང་པོ་མ་སོང་བར་ཆི་ལེན་ཡུལ་སྐོར་གྱི་རླུང་བུ་དང་བསྡེབས་ནས་ཁྱིམ་ཚང་ཕྱུགས་ར་དང་འབྲོག་པའི་སྤྲོ་སྐྱིད་ཁང་གཉེར་མགོ་བརྩམས།

མཱ་ཞུའེ་ཡུན་གྱིས་མི་མང་པོར་འབྲེལ་འདྲིས་བྱས་པ་དང་བསྟུན་ནས་ཁོའི་བསམ་བློའི་འདུ་ཤེས་ལ་སྔར་མེད་ཀྱི་འགྱུར་ལྡོག་བྱུང་།   མཉམ་འབྲེལ་དྲ་རྒྱར་བརྟེན་ནས་ཆི་ལེན་རྫོང་གི་སྐམས་ཤ་དང་ལུག་ཤ་བཙོངས་ན་འགྲིག་གམ།     ཁོ་རང་ས་ཆ་གཞན་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སོང་རྗེས།    2021ལོར‘བརྒྱད་གཅིག་འཁྱག་རོམ’གྱི་རྩིས་ཨང་རེ་ཞུ་བྱས་ནས་ཆི་ལེན་རྫོང་གི་སྐམས་ལུག་ཤ་དེ་ཐད་གཏོང་གི་ལམ་ནས་འཚོང་མགོ་བརྩམས།

སྔོན་ཆད་ཕྱུགས་འཚོ་སྐབས་སུ་སྒོར་མོ་ས་ཡ་གཅིག་ཙམ་བཙལ་ཐུབ་རྒྱུ་ནི་ཡིད་ལའང་དྲན་མི་ཕོད་པ་ཞིག་རེད།     ད་ལྟ་ལོ་སར་སྔོན་གྱི་ཉིན་ཁ་ཤས་ནང་ཐད་གཏོང་བྱས་ནས་སྐམས་ལུག་གི་ཤ་བཙོངས་པའི་རིན་གོང་དེ་སྒོར་མོ་ས་ཡ་འགའ་ལ་བུད་ཡོད།  དུས་རབས་དང་སྲིད་ཇུས་ཇེ་ཡག་ཏུ་སོང་བ་དང་བསྟུན་ནས་འབྲོག་པའི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་ཅེས་མཱ་ཞུའེ་ཡུན་གྱིས་དགའ་སྤྲོའི་ངང་གསར་འགོད་པར་དེ་ལྟར་བཤད།

ཉེ་བའི་ལོ་ཤས་རིང་ཆི་ལེན་རྫོང་དུ་མཱ་ཞུའེ་ཡུན་དང་འདྲ་བར་ཐད་གཏོང་ལ་བརྟེན་ནས་ཚོང་ལས་གཉེར་མཁན་གྱི་མི་མང་པོ་ཞིག་བྱུང་ཡོད།   མི་སྔར་ལས་མང་པོ་ཞིག་མཉམ་འབྲེལ་དྲ་རྒྱའི་སྟེང་ནས་ཞིང་ཕྱུགས་ཐོན་རྫས་ཐད་གཏོང་དང་བྲིན་ཚོང་བྱེད་པའི་གྲལ་དུ་ཞུགས་པ་དང་བསྟུན་ནས།   ཆི་ལེན་རྫོང་གིས་གློག་རྡུལ་ཚོང་དོན་ཁྱད་ལྡན་ཐོན་རྫས་སྐྱེད་སྲིང་བྱེད་ཡུལ་བདུན་ལ་བརྟེན་ནས་དབྱི་ཏ་དང་གསེར་མདོག་གི་ཆི་ལེན།   མེ་ལུང་བཅས་ཁེ་ལས་བཅུ་ཡི་ཁྱད་ལྡན་ཐོན་རྫས་སྐྱེད་སྲིང་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་།    མཚོ་བོད་ཆི་ལེན་དང་བ་ལྡིང་ཆུ་བོའི་མགོ་ཁུངས།  ཨ་ཅེ་ལགས་སོགས་ས་གནས་ཀྱི་སྤུས་རྟགས་ཇུས་འགོད་དང་ཐུམ་སྒྲིལ།    འོས་ཐོབ་ཁས་ལེན་སོགས་ཚང་མ་ལེགས་སྒྲུབ་བྱས་པར་མ་ཟད་མི་མང་པོ་ཞིག་གི་ཡིད་དབང་ཡང་བཀུག་དང་འགུག་བཞིན་ཡོད།

ཆི་ལེན་མ་ཡུན་ཞབས་ཞུ་ཚད་ཡོད་ཀུང་ཟིས་ཕྱིར་འཚོང་དང་ཞག་སྡོད།    ཁྱད་ལྡན་ཐོན་རྫས།    ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ས་གནས་དེའི་Appབཏོན་པ་དང་།   ཚོང་གཉེར་མཁན་བརྒྱ་དང་བཞི་བཅུ་ལྷག་ཙམ་ཞུགས་ནས་ཞིམ་ཟས་དང་ས་གནས་དེའི་ཁྱད་ལྡན་ཐོན་རྫས་མཁོ་འདོན་བྱས་ཏེ་འཛད་སྤྱོད་པར་ཉོ་སྒྲུབ་བྱེད་དུ་བཅུག་པ་དང་། ཁེ་ལས་ཀྱིས་དྲ་ཐོག་ཚོང་ཁང་དང་འཁྱུག་དབྱིངས་ཐད་གཏོང་ཨང་རྟགས་འཛུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་དྲ་རྒྱའི་བྲིན་ཚོང་མ་ལག་བཙུགས་ཏེ་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཡོད།

སྐྱེ་ལྡན་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་དཔེ་སྟོན་རྫོང་བསྐྲུན་པའི་བརྒྱུད་རིམ་ཁྲོད།    ཆུ་ལེན་ལ་ལྟེ་གནས་དང་རྟེན་གཞི།    གསོ་སྤེལ།    སྲུང་སྐྱོབ།    འཛད་སྤྱོད་བཅས་ཟུང་དུ་འབྲེལ་བའི་སོན་བཟང་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་ཅིག་ཆགས་ཡོད་པ་དང་།    མཱ་ཞུའེ་ཡུན་གྱི་ཕྱུགས་ར་དེ་ཆི་ལེན་རྫོང་གི་འབྲོག་ལུག་དང་ནོར་གནག་གི་ལྟེ་བའི་གྲས་སུ་བདེ་བླག་ངང་ཚུད་ནས་གསོ་སྤེལ་ནས་རྒྱུད་སྤེལ་བྱེད་པའི་བར་དུ་འབྲེལ་ཡོད་བྱ་བའི་མི་སྣའི་ཞབས་ཞུ་ཡོད་པ་རེད།

མཱ་ཞུའེ་ཡུན་གྱིས་བཤད་རྒྱུར།   སྲིད་གཞུང་གིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུ་དར་སྤེལ་བཏང་བ་དང་བསྟུན་ནས།   ང་ཚོས་ས་གནས་དེའི་མཉམ་ལས་ཁང་དྲུག་དང་ཁྱིམ་ཚང་ཕྱུགས་ར་ལྔ་དང་ཐོན་སྦྲེལ་མཉམ་འཚོང་གི་རྣམ་པ་བཏོད་དེ།  ཆི་ལེན་རྫོང་གི་ནོར་ལུག་གི་ཤ་དག་མ་ཁྱབ་གདལ་དུ་བཏང་ཞིང་།     ན་ནིང་མཉམ་འབྲེལ་དྲ་རྒྱའི་སྟེང་ནས་ཐད་གཏོང་བྱས་པ་བརྒྱུད་ལུག་སུམ་སྟོང་དགུ་བརྒྱ་ལྷག་ཙམ་དང་ནོར་དྲུག་བརྒྱ་བདུན་ཅུ་ལྷག་ཙམ་ཕྱིར་འཚོང་བྱས་པ་ཡིན་ཟེར།


                                                                                                 ཡིག་སྒྱུར་བ།  གཡང་འབུམ་རྒྱལ།