དཔའ་ངར་ཆེན་པོས་དུས་རབས་ཀྱི་ལས་འགན་ལྗིད་མོ་འཁུར་ཏེ་ཧུར་བརྩོན་སྒོས་མདུན་དུ་བསྐྱོད་དགོས།
2024.02.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

—“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་”པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་དགོས།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

འགན་འཁྲི་འཁུར་བ་ནི་སྒྲུབ་པའི་གཤིས་རྒྱུད་ཡིན།     ཏང་ཡོན་ལས་བྱེད་པའི་ངོས་ནས་བཤད་ན།    འགན་འཁུར་ཕོད་པ་ནི་རང་གནས་ཀྱི་རྩ་བ་དང་སྲིད་སྐྱོང་གི་རྨང་གཞི་ཡིན་ལ།    ལས་དོན་སྒྲུབ་པའི་འགག་རྩའང་ཡིན།     དུས་རབས་ཀྱི་རླབས་རྒྱུན་དྲག་པོ་དང་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་འགན་མདུན་དུ་ང་ཚོས་དཔའ་ངར་ཆེན་པོས་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཕོད་པ་དང་།    “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་ཏེ།    ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པ།    འགན་འཁྲི་ལྕི་མོ་དང་ལེན་བྱེད་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་དངོས་སྒྲུབ་དང་བྱས་རྗེས་བཞག་སྟེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་པ་དང་།    བྱ་སྤྱོད་པ།    ལས་དོན་པ་བཅས་བཟང་བོ་བྱེད་དགོས།

“ལམ་ཉེ་ཡང་མ་སོང་ན་མི་འགྲིག་ལ། བྱ་བ་ཆུང་ཡང་མ་བསྒྲུབས་ན་མི་འགྲིག” བདེན་འཚོལ་དངོས་གཉེར་དང་ཁག་ཁུར་དངོས་སྒྲུབ་ནི་མར་ཁེ་སིའི་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ།    ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བྱེད་པའི་གཤིས་རྒྱུད་ཀྱང་ཡིན།     འགན་འཁྲི་ཕྲག་ཏུ་འཁུར་ནས་རིན་ཐང་མངོན་པར་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་འགན་འཁྲི་འཁུར་བ་ནི་ལས་བྱེད་པའི་འགན་འཁྲི་གནས་ས་ཡིན་ལ་རིན་ཐང་གནས་ས་ཡང་ཡིན།     ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་།    གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་དང་དཀའ་སྤྱད་སྡུག་རུས་བྱེད་པ།    དངོས་སྒྲུབ་དངོས་གཉེར་བཅས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ཞིབ་ཚགས་དང་འགན་འཁྲི་འཁུར་ཕོད་པ།    ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་བྱ་བ་གལ་ཆེན་ལག་བསྟར་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ་དང་འགན་འཁྲི་དང་ལེན་བྱས་ཏེ།    མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་བྱ་བ་དང་གལ་ཆེའི་འཐབ་རྩོད་ཀྱི་འཐབ་ས་དངོས་སུ་བསྐྱོད་དེ་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་བ་དང་།    “ངོས་འཛིན་རབ་རིབ་བཞི”སེལ་བ།    “འབྲེལ་བ་བཞི”གསལ་རྟོགས་བཅས་བྱས་ཏེ་ལས་ཀ་སྒྲུབ་འདོད་པ་དང་ལས་ཀ་སྒྲུབ་ཕོད་པ།    ལས་ཀ་སྒྲུབ་ཤེས་པ་བཅས་ཀྱི་དར་སྲོལ་གསར་པ་ཞིག་བཙུགས་ནས། མཚོ་སྔོན་ལ་སྔར་ལས་རྒྱུས་མངའ་ཡོད་པ་དང་མཚོ་སྔོན་ལ་དགའ་བ།    མཚོ་སྔོན་དར་སྤེལ་གཏོང་བ་བཅས་བྱས་ཏེ། རང་འགུལ་ངང་གོ་སྐབས་དམ་འཛིན་བྱེད་པ་དང་ཧུར་ཐག་གིས་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་གསར་པ་ཞིག་འབུལ་དགོས།

མི་ཞིག་གི་བདེ་སྐྱིད་ངལ་རྩོལ་ལ་བརྟེན་དགོས།     རྒྱལ་ཁབ་ཅིག་གི་ཕུགས་འདུན་དེ་དངོས་སྒྲུབ་འགན་ཁུར་དང་ཁ་འབྲལ་ཐབས་མེད།     མང་ཚོགས་ཀྱི་བདེ་སྡུག་ལ་ཐུག་ཚེ་སྐད་ཆ་མ་ཐོས་ཚུལ་བྱེད་པ་དང་དོན་ཆུང་བསྐྱར་ནས་ཆེ་རུ་བཏང་བ་སོགས་ཀྱི་བྱ་སྤྱོད་ནི་“འགན་འཁུར་”ཞེས་པའི་ཡིག་འབྲུ་གཉིས་པོ་དང་གཏན་ནས་མི་མཐུན།     དོན་དངོས་ཀྱི་ཐོག་ནས་ལས་བྱེད་པ་ཉུང་ཤས་ཀྱིས་འཁུར་འོས་པའི་འགན་འཁྲི་བརྗེད་པའི་སྣང་ཚུལ་ཏེ་མཐར་གཏུགས་ནས་བཤད་ན་མི་སྒེར་གྱི་ཁེ་གྱོང་གི་བསམ་པ་ཆེ་དྲགས་པས། ངོ་སོ་དང་འཁོར་རྒྱ་བཅས་ཀྱི་ནང་དུ་དངོས་སུ་འགུལ་མི་ཐུབ་པ་དང་།    སྒེར་སེམས་དང་སྒེར་ཕན་བཅས་ཀྱི་ཁྲོད་དུ་ངོ་མི་ཚ་བ།    ཕུགས་བསམ་དང་ཡིད་ཆེས།    བྱ་གཞག་བཅས་ཀྱི་ཐད་དུ་ཤུགས་རྒྱག་མི་ཐུབ་པ་བཅས་ཡིན་པ་གསལ་པོར་མཚོན་ཡོད།    རླབས་ཆེན་གྱི་དུས་རབས་སུ་སླེབས་པ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་སྐབས། ང་ཚོས་ཡར་རྒྱས་ལ་མི་བརྩོན་པར་མར་འཐེན་གཏན་ནས་བྱེད་མི་རུང་། འགོ་ཁྲིད་ནི་སྣེ་ཁྲིད་པ་དང་།    ལས་བྱེད་པ་ནི་སྔོན་ལ་སྒྲུབ་མཁན་ཡིན་པས།    བྱས་རྗེས་འཇོག་མི་ཐུབ་རུང་།    འོན་ཀྱང་སྐྱོན་མི་འབྱུང་བར་བརྩོན་པ་དང་།    བདེ་འཇགས་ངང་ལས་གནས་འཛིན་པ་དང་ནུས་མེད་ངང་ཉི་མ་འཁྱོལ་ཐབས་གཏན་ནས་བྱེད་མི་རུང་།     ཡང་བར་དགའ་ཞིང་ལྗིད་པར་སྐྲག་པ་དང་།    གཡོ་ཟོལ་སླ་བཅོས་གཏན་ནས་བྱེད་མི་རུང་ཞིང་།    ཁ་ནས་བཤད་པ་སྒྲུབ་པར་བརྩི་བ་དང་ལག་ནས་སྒྲུབ་པ་འགྲུབ་པར་བརྩི་མི་རུང་།      འགན་འཁྲི་ཆེ་ཆུང་གིས་ལས་བྱེད་པའི་བློ་རྒྱ་དང་སྙིང་སྟོབས། སྤྱོད་ལམ་བཅས་མཚོན་ཡོད་ལ།    འགན་འཁྲི་ཇི་ཙམ་འཁུར་ཐུབ་ན་དེ་ཙམ་གྱིས་ལས་དོན་བསྒྲུབ་ཐུབ།     ང་ཚོས་སྔོན་ལ་སྒྲུབ་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་མཁས་པོ་བཅས་བྱས་ཏེ་རང་རྟོགས་ངང་འགན་འཁྲི་ཆེན་པོ་དང་ལེན་བྱེད་མཁན་དང་ལག་ལེན་བསྟར་བའི་བྱ་སྤྱོད་སྤེལ་མཁན།    མཁྲེགས་གཏོར་དཀའ་སེལ་གྱི་འབད་འཐབ་པ་བཅས་བྱས་ནས། འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྣམ་པ་གསར་པ་དང་བྱེད་སྟངས་གསར་པ་མངོན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་སྔར་ལས་ངོ་མཚར་ཆེ་བའི་མཚོ་སྔོན་གྱི་ལེའུ་གསར་པ་ཞིག་བརྩམས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མདུན་ལམ་སྔར་ལས་མཛེས་སྡུག་ལྡན་པ་དང་། ས་ཁུལ་གཞན་དག་དང་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་ནས་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་སུ་སྙེག་ཐུབ་པ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།