དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུགས་ལན་གསར་པ་སྤྲོད་དགོས།
2024.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

—ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན།མཆན་བཀོད་བཅས་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་ལེན་དོན་འཁྱོལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ན་ནིང་རང་ཞིང་གིས་དཀའ་བ་ཁྱད་དུ་བསད་ཅིང་འབད་འབུངས་ཧུར་བརྩོན་བྱས་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། ད་ལོའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན་གཙོ་བོ་དང་བྱ་བའི་གཙོ་གནད་བཅས་གཏན་འཁེལ་བྱས་ཏེ། ད་ལོའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པ་དེ་ངེས་པར་ཆེས་ཆེ་བའི་ཆབ་སྲིད་དུ་བརྩི་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་གནས་ལུགས་བསྙོན་མེད་དུ་བརྩི་བ། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པ་དང་ཡར་ཐོན་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་བ། སྔོན་འཛུགས་རྗེས་གཏོར་བཅས་ལ་སྔར་ལས་དོ་སྣང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཅི་ཐུབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་དགོས་པ་ནན་གྱིས་བསྟན།

ད་ལོའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུགས་ལན་གསར་པ་སྤྲོད་དགོས་ན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངེས་པར་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཆད་ལུས་མེད་པར་དོན་འཁྱོལ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་གྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་དེ། མཚོ་སྔོན་འཕེལ་རྒྱས་ཀྱི་གནད་འགག་མཚམས་སུ་ཐེངས་གཉིས་ལ་སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ཏེ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་ཞིང་། འཐབ་ཇུས་དང་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས་མཚོ་སྔོན་ལ་ཁ་ཕྱོགས་བསྟན་པ་དང་། ལས་འགན་གསལ་བོ་བྱས་ལ། དམིགས་འབེན་གཏན་འཁེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་བཞེངས་བྱས་པའི་འཐབ་ཇུས་ཀྱི་འཆར་འགོད་རི་མོ་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་འོག ང་ཚོས་ལོ་རྒྱུས་སྐྲུན་པ་དང་འོད་སྟོང་འབར་བའི་གྲུབ་འབྲས་བླངས། སྐྱོད་ལམ་གསར་པ་ནི་གཟི་བརྗིད་ལྡན་ཞིང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་ཞིག་ཡིན་པས། ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་འདྲེན་འོག ད་གཟོད་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་ཐུབ་ལ། ད་གཟོད་མུ་མཐུད་དུ་གཟི་འོད་གསར་པ་ཞིག་འཚེར་དུ་འཇུག་ཐུབ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན།མཆན་བཀོད་བཅས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་བ་དང་། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པའི་ཆེས་ཐད་ཀར་ཀྱི་ཉམས་སད་དུ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

གནས་ལུགས་ལག་ལེན་ཁྲོད་དུ་ཡོད། དངོས་སྒྲུབ་བྱེད་རྒྱུ་ཤིན་ཏུ་གལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོའི་ནང་ཞུགས་ཏེ། དུས་རབས་གསར་པའི་རྒྱུགས་ལན་འདེབས་མཁན་བཟང་པོ་ཞིག་བྱེད་རྒྱུ་ནི་མཚོ་སྔོན་པ་རེ་རེའི་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན། ང་ཚོ་ཚང་མས་མཚོ་སྔོན་ལ་རྒྱུས་ལོན་བྱེད་དགོས་ལ། མཚོ་སྔོན་ལ་དགའ་དགོས་པ་དང་། མཚོ་སྔོན་དར་རྒྱས་གཏོང་དགོས། ཁྱད་པར་དུ་ཏང་ཡོན་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དེ་ཆབ་སྲིད་གྲུབ་འབྲས་ལྟ་བ་དང་རིན་ཐང་ལྟ་བའི་ཁྲོད་སྔར་ལས་འདྲེས་སུ་འཇུག་པ་དང་། སེམས་ཤུགས་དང་ནུས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྐྲུན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་བཏོན་ནས། ད་ལོའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱུགས་ལན་ཚད་ལྡན་ཞིག་སྤྲོད་དགོས། ཏང་ཡོན་ལས་བྱེད་པས“ལས་བྱེད་པས་བསྒྲུབ་དགོས་པ། རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”ཡི་ཆབ་སྲིད་ཀྱི་རང་རྟོགས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ལ། “མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་གཏོང་བ”ཡི་བརྩེ་བ་དང་ཁག་ཁུར་བརྟན་སྲུང་བྱས་ནས། ལས་བྱེད་པས་བསྒྲུབ་དགོས་པའི་བསམ་བློའི་ཉམས་སྣང་མུ་མཐུད་དུ་སློང་དགོས་པ་དང་། རིག་ལམ་གསལ་དགོས་པའི་གཞི་རྩའི་ནུས་པ་སྦྱོང་བརྡར་བྱེད་པ། རང་གཅུན་ནན་དགོས་པའི་རྣམ་པ་གསར་པ་མངོན་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་བྱ་བ་སོ་སོ་དོན་འཁྱོལ་ནུས་ལྡན་དང་སྔོན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། འབད་བརྩོན་མདུན་སྐྱོད་ཀྱི་ཁྲོད་ནས་རྒྱུན་ཆད་མེད་པར་ཡང་རྩེར་བསྙེགས་ཏེ། སྐྱོད་ལམ་གསར་པར་འབད་པས་བསྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

རླུང་རླབས་རྒོད་རུང་གྲུ་གཡོར་བརྐྱངས་ནས་ལམ་དུ་ཆས་དགོས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི”བའི་འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་པ་དང་། དར་ཆ་མཐོ་རུ་སྒྲེང་བ་དང་ཁ་ཕྱོགས་གསལ་པོར་ངེས་པ། རང་རྟོན་བརྟན་པོར་གཏོང་བ་དང་ངེས་ཤུགས་སྲུང་འཛིན་བྱེད་པ། ཆར་རླུང་ལ་འཇིགས་པ་མེད་པ། མཁྲེགས་གཏོར་དཀའ་སེལ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུགས་ལན་གསར་པ་སྤྲོད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།