ཆབ་སྲིད་ཀྱི་གོ་རྟོགས་ཇེ་བརྟན་དུ་བཏང་ནས་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
2024.03.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

—“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་”པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ལས་བྱེད་པས་བྱ་བ་སྒྲུབ་དགོས་ན་བསམ་བློའི་གོ་རྟོགས་དང་འགན་ཁུར་ཕོད་པ།    ལེགས་སྐྱེས་འབུལ་བ་བཅས་ཀྱི་ཐོག་ནས་མཚོན་དགོས་ཞེས་ནན་གྱིས་བསྟན་ཡོད།     གོ་རྟོགས་མཐོན་པོ་ལྡན་པའི་ཏང་ཡོན་ལས་བྱེད་པས་ད་གཟོད་ཕུགས་བསམ་དང་དད་སེམས་བརྟན་པོ་དང་།    དམིགས་འབེན་དང་འོས་འགན་ལག་བསྟར།  འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ།    ཧུར་ཐག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ རྩོམ་པར་འབད་འཐབ་ལྷོད་མེད་བྱེད་ཐུབ།

དངོས་གཙོའི་རྩོད་སྒྲུབ་རིག་པའི་ངོས་འཛིན་ལྟར་ན།    ཕྱི་རྐྱེན་ནི་འགྱུར་ལྡོག་འབྱུང་བའི་ཆ་རྐྱེན་ཡིན་པ་དང་།    ནང་རྐྱེན་ནི་འགྱུར་ལྡོག་འབྱུང་བའི་གཞི་འཛིན་ས་ཡིན་ཞིང་།    ཕྱི་རྐྱེན་གྱི་ནུས་པ་ནང་རྐྱེན་ལ་བརྟེན་ནས་ཐོན་བཞིན་ཡོད།     གོ་རྟོགས་ནི་སྒྲུབ་པའི་ནང་རྐྱེན་ཡིན།     གོ་རྟོགས་སད་ཚེ་ཤེས་རྟོགས་རྣམ་པར་ཚད་བརྒལ་ཡོང་ཐུབ་པ་དང་།    བྱ་བ་མང་པོ་ཞིག་གསལ་པོ་ཡོང་ཐུབ།    མི་སྒེར་ཉིད་ངོ་བོའི་དོན་སྙིང་ཐོག་གི་ཡར་རྒྱས་དང་འཕེལ་རྒྱས་ལ་སླེབས་འགོ་བརྩམས་པ་དང་།    ལས་དོན་ལ་བློ་རྩེ་གཅིག་ཏུ་གཞོལ་ན་ལེགས་འགྲུབ་འབྱུང་ཐུབ།     ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན།    གོ་རྟོགས་སད་རྒྱུ་ནི་ལས་སྒྲུབ་ལས་སྐྲུན་གྱི་བློ་སྟོབས་འཕེལ་བར་བྱེད་པའི་ནང་གནས་ཀྱི་རྨང་གཞི་དང་ནང་གནས་ཀྱི་སྒུལ་ཤུགས་ཡིན་པས།    གོ་རྟོགས་ལྡན་ཚེ་གཞི་ནས་ལས་སྐྲུན་གྱི་སྟོབས་ཤུགས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་དང་།   བྱ་བའི་སྤྲོ་སེམས་སྔར་ལས་ཆེ་བའི་སྒོ་ནས་བྱ་བ་སྣ་ཚོགས་ཡག་པོ་སྒྲུབ་ཐུབ།     ང་ཚོས་ཏང་གཤིས་སྦྱོང་བརྡར་དང་ཏང་གཤིས་བློ་སྦྱོང་ཁྲོད་བསམ་བློའི་གོ་རྟོགས་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་།    བྱ་བའི་ལག་ལེན་དང་འཐབ་རྩོད་ཀྱི་སྦྱོང་བརྡར་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་རྒྱུན་མི་ཆད་པར་ཇེ་བརྟན་དུ་གཏོང་བ། གོ་རྟོགས་ཆུང་བ་ནས་གོ་རྟོགས་ཆེ་བར་གཏོང་བ་དང་།    གོ་རྟོགས་ཆུང་བ་ནས་གོ་རྟོགས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལས་སྒྲུབ་ལས་སྐྲུན་གྱི་ལྟེ་བའི་སྒུལ་ཤུགས་སུ་རྒྱུན་མི་ཆད་པར་འགྱུར་བར་བྱེད་དགོས།

གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོ་རུ། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ་དང་།    ཐ་ན་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་འབུལ་བཞིན་ཡོད་ཅིང་།    དེ་དག་ཡོད་ཚད་ནི་གོ་རྟོགས་ལ་བརྟེན་པ་རེད།     གོ་རྟོགས་འདི་ནི་མར་ཁེ་སི་རིང་ལུགས་ལ་དད་མོས་བྱས་པ་ལས་བྱུང་བ་རེད།     མར་ཁེ་སིའི་རིང་ལུགས་ནི་མིག་སྔའི་བར་ཚན་རིག་དང་མཐུན་པ་དང་།    ཚགས་དམ་པ།    སྐྱེ་སྟོབས་ཆེས་ཆེར་ལྡན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་དང་།    ང་ཚོའི་བྱ་གཞག་ལ་སློབ་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ལ།    གུང་ཁྲན་ཏང་མི་རེ་རེའི་སྲ་ཞིང་བརྟན་པའི་བསམ་པའི་འདེགས་སྐྱོར་ཞིག་ཀྱང་ཡིན།     དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོ་ནས་སྔོན་དཔག་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་།    དཀའ་ངལ་དང་ཉེན་ཁ་ལ་གདོང་གཏད་དེ།    ང་ཚོས་མར་ཁེ་སིའི་རིང་ལུགས་ལ་དད་མོས་དང་།    སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་དད་སེམས་བརྟན་པོ་བཅངས་ནས།    ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ།    རིན་ཐང་གི་ལྟ་བ་བཅས་བཙུགས་ཏེ།    ལས་དོན་སྣ་ཚོགས་ལ་སྐུལ་འདེད་བྱས་ནས་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ལེན་དགོས།

ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་ཞིང་།    ཕྲག་ཏུ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་དུས་རབས་ཀྱི་ལས་འགན་ལྗིད་མོ་འཁུར་བཞིན་ཡོད།     ཏང་གི་རླབས་ཆེན་ལས་དོན་གྱི་རྐང་འཛིན་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པའི་ཆ་ནས། ངེས་པར་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།    ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་པོར་བསྲུང་དགོས།     གལ་ཏེ་གོ་རྟོགས་དེ་འདྲ་མེད་ན།    རིག་པ་དྭངས་གསལ་མེད་པ་དང་སེམས་མི་གསལ་བ།    མིག་མི་གསལ་བ།    ཉབ་བེ་ཉོབ་བེ་དང་འཐབ་སེམས་ཉམས་པ་བཅས་ཀྱི་དབང་གིས་མཐར་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་དཀའ་བ་དང་།    དམངས་ཚིས་བདེ་སྐྱིད་ལ་གནོད་འཚེ་ཕོག་པ།    ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གནོད་པ་བཅས་ཡོང་ངེས་རེད།     མིག་སྔར། མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། དམིགས་འབེན་གསར་པར་ཕྱོགས་ནས་དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཕོད་པར་བརྟེན། ཏང་ཡོན་དང་ལས་བྱེད་པ་ཚང་མས་ངེས་པར་དུ་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། སྒྲུབ་མཚམས་མི་འཇོག་པའི“ངར་ཤུགས”དང་།    ང་དང་མཉམ་དུ་མདུན་སྐྱོད་བྱེད་པ་དང་དཀའ་ངལ་ལ་མི་སྐྲག་པའི“ངར་ཤུགས ”བཅས་དང་། “ཁྱོད་ཀྱིས་བྱ་བ་བསྒྲུབ་དགོས”ཞེས་པ་ནས“ངས་བྱ་བ་བསྒྲུབ་རྒྱུའི”རང་འགུལ་བྱ་སྤྱོད་དུ་བསྒྱུར་ནས། ཚད་གཞི་ཆེས་མཐོ་བའི་སྒོ་ནས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཡག་པོར་སྒྲུབ་དགོས།

སྐྱོད་ལམ་གསར་པའི་སྟེང་། ང་ཚོར་ལས་སྒྲུབ་ལས་སྐྲུན་གྱི་ལས་སྟེགས་ཧ་ཅང་རྒྱ་ཆེན་པོ་ཡོད།     རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་ལ་སློབ་སྦྱོང་དང་གོ་བ་ནན་མོ་བླངས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རང་སྣང་འཇིག་རྟེན་ལ་སྒྱུར་བཀོད་བྱས་ཏེ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་ནང་མཁོའི་སྟོབས་ཤུགས་ཤིག་ཆགས་པར་བྱས་ནས། “ལས་བྱེད་པའི”ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།    བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ལས་སྒྲུབ་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། “རྒྱལ་ཁ་ལེན་པར་ངེས་པར་དུ་ང་ཡོད་པའི”ཁག་ཁུར་འདུ་ཤེས་དང་། “གཞན་གྱི་དོན་དུ་དཀའ་སྡུག་ཡོད་ཚད་ཁུར་དུ་འཁྱེར་བའི”གཏོང་ཕོད་འདུ་ཤེས། “ད་ལྟ་མགོ་ཁྲིད་ནས་བརྩོན་པའི”འབད་འཐབ་བརྩེ་བ་བཅངས་ནས། ལས་སྒྲུབ་ལས་སྐྲུན་གྱི་སྟེགས་བུའི་སྟེང་བདེན་སྲུང་གསར་སྐྲུན་དང་། ཧུར་བརྩོན་བྱ་སྤྱོད། དཀའ་སྤྱད་སྡུག་རུས། མཁྲེགས་གཏོར་དཀའ་སེལ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་པར་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།