དཔྱིད་དུས་ལྷན་དུ་འཛོམས་ནས་རྒྱལ་ཁབ་ཀྱི་ཇུས་ཆེན་གླེང་།
2024.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འགོ་རྩོམ་ཚོགས་འདུར་ཞུགས་པའི་ཟུར་བྲིས།

ཟླ3ཚེས4ཉིན།   མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གོམ་སྟབས་བརྟན་ལ་བློ་སྟོབས་ཆེར་བསྐྱེད་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་དེ།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མགོ་རྩོམ་ཚོགས་འདུར་ཞུགས་པ།

ཟླ3ཚེས4ཉིན་གྱི་ཕྱི་དྲོ།  རང་འགན་གཙང་སྒྲུབ་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཅིང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་མངགས་བཅོལ་སེམས་ལ་བཅངས་ནས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་རང་སོ་སོའི་སྡོད་གནས་ནས་རླངས་འཁོར་ལ་བསྡད་དེ་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྐྱོད་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཨུ་ཡོན་རྣམས་དང་མཉམ་དུ་འགོ་རྩོམ་ཚོགས་འདུར་ཞུགས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དར་ཆ་དམར་པོ་ལྷབ་ལྷུབ་གཡོ།  མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཐེམ་པ་རེ་རེ་བརྒལ་བའི་གོམ་སྟབས་བརྟན་ཅིང་བརླིང་།

མི་རིགས་ཀྱི་གྱོན་ཆས་སྤྲས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་ཧྭ་ལ་གསར་འགོད་པ་མང་པོ་ཞིག་གིས་པར་ལེན་པ་དང་བཅར་འདྲི་བྱེད་བཞིན་འདུག  ཨུ་ཡོན་ཅིན་ཧྭ་ཡིས་བཤད་རྒྱུར། ང་ནི་ཨུ་ཡོན་རྒན་པ་ཞིག་ཡིན་མོད།  འོན་ཀྱང་ང་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཤིང་འགན་འཁྲི་ཤིན་ཏུ་ལྗི་བའི་སྣང་བ་ཞིག་སྟེར།   ང་རང་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ངས་ལོ་གཅིག་གི་ནང་ཐེངས་གཅིག་ལ་རྒྱལ་དོན་མཉམ་གྲོས་བྱེད་པའི་གོ་སྐབས་འདི་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད།  ད་ལོ་ངས་དམངས་འཚོའི་ཁྱབ་ཁོངས་དང་ལྷག་པར་དུ་གྲོང་ཁྱེར་གྱི་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་དང་འགན་ལེན་རང་བཞིན་གྱི་སྡོད་ཁང་སོགས་ལ་དམིགས་ནས་གྲོས་གཞི4གྲ་སྒྲིག་བྱས་ཡོད་པ་དང་།  མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་འབོད་སྐུལ་འདོན་རྒྱུ་ཡིན་ཟེར།

འདས་ཟིན་པའི་ལོ་གཅིག་གི་ནང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། པེ་ཅིན་དུ་མ་ཡོང་གོང་ལ་ཨུ་ཡོན་རྣམས་ཀྱིས་རྒྱལ་ཇུས་དམངས་འཚོའི་གཙོ་གནད་དང་དཀའ་གནད།  གླེང་རིན་ཡོད་པའི་གནད་དོན་བཅས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་གཞི་ནན་ཏན་གྱིས་བྲིས་ཡོད་པ་དང་།  གྲོས་གཞི་རེ་རེ་ལས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་མངོན་ཡོད།

ཚོགས་རའི་ནང་གློག་འོད་ཆེམ་ཆེམ་འཕྲོ་ཞིང་རྣམ་པ་བརྗིད་ཉམས་ལྡན།

དུས་ཚོད15སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

“སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ། འབད་བརྩོན་ཆེན་པོས་རླབས་ཆེན་གྱི་བྱ་གཞག་བསྐྲུན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།”

རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཨུ་ཡོན་ཚོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“དར་ཆ་མཐོན་པོར་སྒྲེང་བ་དང་།    བདེན་འཚོལ་དོན་གཉེར།    མི་སེམས་གཅིག་ཏུ་འགྲིལ་བའི་སྙན་ཞུ་ཡག་པོ་ཞིག་ཡིན་པས། ང་ཚོས་གོ་རིམ་རྗེས་མར་འགན་འཁྲི་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧན་བུན་ལིན་གྱིས་བཤད་རྒྱུར།“ངས་འགན་འཁྲི་སྒྲུབ་ནུས་སྔར་ལས་ཆེ་རུ་བཏང་ནས། བརྟག་ཞིབ་དང་བསམ་གཞིག་མང་ཙམ་བཏང་སྟེ། མཚོ་སྔོན་ལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་ཐབས་དང་ཇུས་འདོན་རྒྱུ་ཡིན”ཟེར།

ཚོགས་ར་ནས་ཕྱིར་ཡོང་སྐབས་ཨུ་ཡོན་ཚོས་བློ་སྟོབས་ཆེར་བསྐྱེད་ཀྱིས་གྲོས་བསྡུར་དང་བསམ་ཚུལ་བརྗེ་རེས་བྱེད་བཞིན་ཡོད།

“མཚོ་སྔོན་ནས་ཡོང་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ངས་སྲིད་གྲོས་ཀྱི་ཚོགས་འདུའི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་གསུང་སྐད་སྙན་མོ་བརྒྱུད་བསྒྲགས་ཡག་པོ་བྱས་ནས། ཧུར་ཐག་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ཨན་གྱིས་དེ་ལྟར་བཤད།

“ངས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ།    ཁོང་དུ་ཆུད་པ།    དངོས་སུ་སྒྲུབ་པ་བཅས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བཞིན་ཡོད།    རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ལྟེ་བའི་ཁྱོན་ཡོངས་ལ་དམིགས་ནས་བློ་གྲོས་ལྡན་པའི་གྲོས་འགོ་མང་ཙམ་འདོན་པ་དང་།    དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ།    གསར་གཏོད་ཀྱི་བྱེད་ཐབས་མང་ཙམ་འདོན་པ་བཅས་བྱས་ནས། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཆིན་ལ་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་དེ་ལྟར་བཤད།

“སྙིང་སྟོབས་འཕེལ་བར་བྱས་ནས་སྒྲུབ་པར་ངར་ཤུགས་བསྩལ་ཡོད།” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁུན་གྱིས་བཤད་རྒྱུར།“རྗེས་ཕྱོགས་ངས་སྲིད་གྲོས་ལ་གོ་བ་ལེན་པ་དང་།    གྲོས་མོལ་བྱེད་ཤེས་པ།    སྲིད་གླེང་བྱེད་མཁས་པ།    སྒྲིག་ཁྲིམས་སྲུང་བ།    སྒྲིག་ལམ་སྲུང་བ།    སྤྱོད་ལམ་ལ་སྣང་ཆེན་བྱེད་པ”བཅས་ཀྱི་ཨུ་ཡོན་ཞིག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། བརྟག་ཞིབ་ཏན་ཏིག་དང་ཞིབ་འཇུག་གཏིང་ཟབ།    ཐབས་དང་ཇུས་འདོན་པ་བཅས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།

དངོས་སྒྲུབ་ལས་འགན་དང་འབད་འཐབ་ལྷོད་མེད་བྱེད་བཞིན་པའི་སྒང་ཡིན། མི་དམངས་ཚོགས་ཁང་ཆེན་མོའི་ཕྱི་རོལ་དུ་ཨུ་ཡོན་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསམ་བློ་བརྗེ་རེས་བྱེད་བཞིན་ཡོད།     ཚང་མས་མགྲིན་གཅིག་ཏུ་སེམས་ཀྱི་འགན་འཁྲི་ཤེས་པ་དང་རང་སྟེང་གི་འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་བྱས་ནས། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཡིག་སྒྱུར་བ། གཡང་འབུམ་རྒྱལ། ཤ་བོ་རིན་མཚོ།