ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་མཛེས་སྡུག་གི་ལེའུ་མཉམ་དུ་འབྲི་དགོས།
2024.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་འགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།

ལོ་གཅིག་གི་དཔྱིད་དུས་གསར་དུ་ཚུགས་ཡོད་པས་འབད་འཐབ་ཀྱི་དུས་ལ་ཏག་ཏག་འཁེལ་ཡོད།  ཟླ3ཚེས5ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་འཚོགས་འགོ་བརྩམས།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས་རྒྱལ་ས་པེ་ཅིན་དུ་ལྷན་འཛོམས་དང་རྒྱལ་དོན་ལ་མཉམ་དུ་གྲོས་སྡུར་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།  ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།     འདས་ཟིན་པའི་ལོ་གཅིག་གི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། དྲང་སྲུང་གསར་གཏོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཐོག་གོམ་སྟབས་བརྟན་པོ་སྤོས་པ་དང་། ཉམས་ཉེན་སེལ་བ། དཀའ་གནད་སྒྲོལ་བ། འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཀྱི་ཁྲོད་གོ་སྐབས་གསར་བ་དང་གྲུབ་འབྲས་གསར་བ་བསྐྲུན་པ་དང་། འཐབ་ཇུས་ཀྱི་རང་འགུལ་ཐོབ་ནས།  ཡིད་ཆེས་དང་རྟིང་ཤུགས་ཆེས་ཆེར་ཇེ་དྲག་ཏུ་བཏང་།  ལོ་གཅིག་གི་རིང་ལ།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་འཐུས་ཚོགས་ཆེན་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ནས། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་། བརྟན་ཐོག་ཡར་འཕེལ་ཁྲོད་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བས། ཁྲིམས་འཛུགས་དང་། ལྟ་སྐུལ།  འཐུས་མི། ཕྱི་ཕྱོགས་འགྲོ་འོང་། རང་ངོས་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ལས་དོན་ལ་འཕེལ་རིམ་གསར་བ་བྱུང་བ་དང་།  འགོ་ཡག་པོ་ཞིག་བརྩམས་ཡོད།

ལོ་ངོ་བདུན་ཅུའི་རིང་ཟིལ་རླབས་དགུང་འཕྱུར་དང་ལོ་ངོ་བདུན་ཅུའི་རིང་དཔྱིད་དཔལ་རབ་ཏུ་བཞད། ད་ལོ་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་ལོ་ཡིན་ཞིང་།  ལོ་ངོ70ཡི་རིང་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱིས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་ངོ་མཚར་བསྐྲུན་པར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད། ལྷག་པར་དུ་དུས་རབས་གསར་པའི་ཚུན་ལ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་གནད་སྨིན་འཐུས་ཚང་དང་སྔར་ལས་གཏན་འཁེལ་བྱུང་ཡོད།  དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འགན་སྲུང་བཅས་བྱེད་པའི་ལམ་ལུགས་བཟང་པོ་ཞིག་ཡིན་པ་དང་། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་གསར་གཏོད་ཞིག་ཡིན་པ། རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ཀྱི་ལམ་ལུགས་གསར་ཤོས་ཤིག་ཡིན་པ་བཅས་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད་པས།   ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་།  ཕྱོགས་ཡོངས་ནས་ལག་བསྟར།  རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཡིན།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། དེ་ལ་ཉེན་ཁ་དང་འགྲན་སློང་གིས་ཁེངས་ཤིང་། ཡོད་ཚད་འབུལ་བའི་དཀའ་སྤྱད་འབད་བརྩོན་གྱི་བརྗིད་ཆེའི་བྱ་གཞག་ཅིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་ལོངས་སུ་སྤྱོད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཡོངས་ལ་དམ་པོར་བརྟེན་ནས་དཀའ་སྡུག་མཉམ་མྱོང་དང་།  བྱ་གཞག་ཆེན་པོ་མཉམ་སྒྲུབ་བྱེད་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཡོངས་ཀྱི་ལོ་རྒྱུས་སྟེང་གི་རང་འགུལ་སྙིང་སྟོབས་སྐུལ་སློང་དང་། མི་དམངས་ཁྲོད་དུ་གནས་པའི་རྫོགས་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་གོང་བུར་འགྲིལ་ཤུགས་ཆེན་པོ་ཆགས་ན། ད་གཟོད་བརྗིད་ཉམས་ལྡན་པའི་འཆར་འགོད་རེ་རེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ།

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྦྲེལ་ཐག་ཧྲིལ་པོ་དང་། ཁྱོན་ཡོངས། ཕྱོགས་ཡོངས་ལ་ཁེབས་པའི་དམངས་གཙོ་ཡིན་པ་དང་། དེ་ནི་ཆེས་རྒྱ་ཆེ་བ་དང་། ཆེས་དོན་དངོས་དང་མཐུན་པ། ཆེས་སྤྱོད་གོ་ཆོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན་ཞིང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན།

མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས་སྔར་ལས་རྒྱ་ཆེ་བ་དང་། སྔར་ལས་གང་ལེགས་ཡིན་པ། སྔར་ལས་འཐུས་སྒོ་ཚང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་བཅས་བྱས་ན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་དེ་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་སྲིད་ཇུས་དང་བྱེད་ཐབས་སྟེང་བྱེ་བྲག་དང་དོན་དངོས་ཀྱིས་མངོན་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་བྱ་བའི་སྟེང་བྱེ་བྲག་དང་དོན་དངོས་ཀྱི་ཐོག་ནས་མངོན་ཐུབ་ལ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱེད་པའི་བྱེ་བྲག་དང་དོན་དངོས་ཀྱི་བྱ་བའི་སྟེང་མངོན་པར་བྱེད་ཐུབ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ན། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་དང་། འཐུས་སྒོ་ཚང་བ། འཁོར་སྐྱོད་ལེགས་པོ་བཅས་བྱས་ཏེ། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་ཕན་ནུས་ལྡན་པའི་སྒོ་ནས་སྤྱོད་པར་འགན་སྲུང་བྱེད་པ་དང་། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས་མུ་མཐུད་དུ་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་དགོས།

ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་། "ལོ་ལྔའི་འཆར་འགོད་བཅུ་བཞི་བའི"འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས"འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང་། "རང་རྟོན་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་། སྤོབས་པ་ཆེན་པོ། གསར་གཏོད་ཡར་བརྩོན་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཞིག་མཉམ་དུ་རྩོམ་དགོས། རྒྱ་ཆེའི་འཐུས་མིའི་ནུས་པ་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་དགེ་མཚན་འདོན་སྤེལ་དང་། དམངས་ཀྱི་འདོད་བློ་བསྡུ་ལེན། དམངས་ཀྱི་བློ་གྲོས་གཅིག་བསྡུས་བཅས་བྱས་ཏེ། རང་འགན་གཙང་སྒྲུབ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་སྐུལ་སློང་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།